[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཇོ་རིའི་མཛེས་ལྗོངས་ཁུལ་ཡུན་རིང་སྒོ་བརྒྱབ་པའི་གནས་ཚུལ་བདེན་པ་མིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཆིན་ཨོའུ།    |    སྤེལ་དུས།   2019-02-22

    ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། བོད་ཀྱི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ(གཤམ་དུ“ཇོ་རིའི་སྲུང་སྐྱོང་ཁུལ”ཞེས་བསྡུ་རྒྱུ)ཆ་རྐྱེན་ཡོད་པའི་སྒོ་ནས་མུ་མཐུད་སྒེ་འབྱེད་རྒྱུ་དང་། ཁྲིམས་མཐུན་སྒྲིག་མཐུན་གྱི་རི་འཛེག་བྱེད་སྒོ་མུ་མཐུད་སྤེལ་ཆོག་གི་ཡོད། དྲ་ཐོག་ཏུ་བརྒྱུད་སྤེལ་བྱས་པའི“ཇོ་རིའི་མཛེས་ལྗོངས་ཁུལ་ཡུན་རིང་སྒོ་བརྒྱབ་པའི”གནས་ཚུལ་དེ་བདེན་པ་མིན་པ་རེད།

    ཉེ་ཆར། “ཇོ་རིའི་མཛེས་ལྗོངས་ཁུལ་ཡུན་རིང་སྒོ་བརྒྱབ་པ”ཞེས་པའི་རྩོམ་ཡིག་དྲ་ཐོག་ཏུ་བརྒྱུད་སྤེལ་བྱས་ནས་དིང་རི་རྫོང་ཇོ་རིའི་དོ་དམ་ཡན་ལག་ཅུས་ཀྱིས་2018ལོའི་ཟླ་12པར་སྤྱི་བསྒྲགས་སྤེལ་ཏེ་ཚན་པ་དང་མི་སྒེར་གང་རུང་ཇོ་རིའི་སྲུང་སྐྱོང་ཁུལ་རོང་པོ་དགོན་ཡན་གྱི་ས་ཁོངས་སུ་བསྐྱོད་རྒྱུ་གཏན་འགོག་བྱས་ཡོད་ཅེས་བཤད་པ་རེད།

    དེའི་ཐད་ཇོ་རིའི་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྐལ་བཟང་གིས་སྤྱི་བསྒྲགས་དེ་དངོས་སུ་བཏང་བ་དང་། 2019ལོ་ནས་བཟུང་ཡུལ་སྐོར་བའི་སྒར་ས་ཆེན་པོ་རོང་པོ་དགོན་གྱི་ཁུལ་དུ་ཕྱིར་འཐེན་བྱ་རྒྱུ་རེད་ཅེས་བརྗོད།

    2018ལོར་ཇོ་རིའི་སྲུང་སྐྱོང་ཁུལ་གྱི་བྱེད་ནུས་ཡན་ལག་ཁུལ་སླར་ཡང་ལེགས་སྒྲིག་བྱས་པ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་རེད། ལེགས་སྒྲིག་བྱས་རྗེས་ཚོད་ལྟའི་ཁུལ་དུ་ཚུད་པའི་རོང་པོ་དགོན་གྱི་ཁུལ་དུ《སྲོལ་ཡིག》གཞིར་བཟུང་ཚན་རིག་ཚོད་ལྟ་དང་། སློབ་ཁྲིད་དངོས་སྦྱོང་། ལྟ་སྐོར་རྟོག་ཞིབ། ཡུལ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་ཆོག་གི་ཡོད།

    ཇོ་རིའི་སྲུང་སྐྱོང་ཁུལ་དུ་ལོ་ལྟར་དཔྱིད་ཀར་ད་དུང་རི་འཛེག་སྒར་ས་ཆེ་མོ་བཙུགས་ཆོག་པ་དང་། དེ་ནི་རྒྱལ་ཁབ་ཁག་གི་རི་འཛེག་མཁན་གྱིས་ཀྲུང་གོའི་བོད་ལྗོངས་ཁོངས་ཀྱི་ཇོ་རིའི་བྱང་འདབས་ནས་ཇོ་རིར་འཛེག་སྐབས་ཀྱི་ཞག་སྡོད་བྱེད་ས་ཞིག་རེད།

    སྒར་ས་དེར་ས་བབ་མཐོ་ཚད་སྨི་5200ཡོད་ཅིང་། རིར་འཛེག་ཆོག་པའི་ཆོག་མཆན་མ་ཐོབ་པའི་སྤྱིར་བཏང་གི་ཡུལ་སྐོར་བ་འགྲོ་ཆོག་གི་མེད། སྒར་ས་དེ་ཇོ་རིའི་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་ཡོད་པ་དང་། 《སྲོལ་ཡིག》གཞིར་བཟུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་སྐྱོད་པར་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འབྲེལ་ཡོད་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས།

    གད་སྙིགས་གཙང་སེལ་བྱེད་པའི་ལས་ཀའི་ཐད་བོད་རང་སྐྱོང་ལྗོངས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་འགན་འཁུར་བ་བསོད་ནམས་ཀྱིས་གསར་འགོད་པར་ས་བབ་མཐོ་ཚད་སྨི་5800ཡོད་པའི་བར་བརྒལ་སྒར་ས་མན་ཆད་ཚང་མ་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་མཐུན་སྦྱོར་བྱེད་དགོས་པ་དང་། དེ་ཡན་གྱི་ས་བབ་མཐོ་བའི་ས་ཁོངས་སུ་ཚོང་ལས་རི་འཛེག་ཞབས་ཞུའི་སྒྲིག་གཞི་བོད་ལྗོངས་ཡར་ལྷ་ཤམ་པོ་མྱུལ་དཔྱད་ཀུང་སིས་འགན་འཁུར་དགོས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    མིག་སྔར་ཡུལ་སྐོར་དང་རི་འཛེག་བྱེད་སྒོ་ལས་གྲུབ་པའི་ཐོན་ལས་དེ་ཇོ་རི་གནས་སའི་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་གཙོ་བོར་གྱུར་ཡོད་པ་དང་། ད་དུང་ས་ཆ་དེ་གའི་གཞོན་ནུ་ལོ་ཆུང་མང་པོ་བོད་ཀྱི་རི་འཛེག་སློབ་གྲྭ་འགྲིམ་པ་དང་འབྲེལ་རི་འཛེག་གི་ལམ་འཁྲིད་པར་གྱུར་ཡོད། ཇོ་རིའི་ས་ཁུལ་དེ་ཐུན་མོང་མ་ཡིན་པའི་ས་མཐོ་དང་། རི་མཐོའི་སྣོད་བཅུད་མ་ལག་དང་གོ་ལ་ཧྲིལ་པོའི་རི་འཛེག་བྱེད་སྒོ་སྤེལ་ཡུལ་གྱི་ལྟེ་བའི་ས་ཁོངས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་ཕྱི་རོལ་གྱི་ལུས་རྩལ་འཕེལ་རྒྱས་གཏོང་བ་དང་རང་བྱུང་སློབ་གསོ་གཏོང་བའི་འགན་ནུས་ཀྱང་འཁུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།