[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཁྲེང་ཀོན་ཆུས་ཀྱི་སྤྱི་པའི་གསང་སྤྱོད་མྱུར་བཟོ་བ་དབང་རྒྱལ་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-24

    ཁོར་ཡུག་གཙང་སྦྲ་བའི་སྐོར་གླེང་རིམ་བཞིན་མི་རྣམས་ཀྱི་བློ་ངོར་ལག་ཏུ་ཕྱགས་མ་འཁྱེར་ཞིང་ཁྲོམ་གཞུང་ཆེ་ཆུང་དུ་གཙང་སྦྲ་བྱེད་པའི་བྲེལ་འཚུབ་ཀྱི་གཟུགས་བརྙན་ཞིག་འཆར་ངེས་རེད། ཁོར་ཡུག་གཙང་སྦྲ་བའི་ཚོགས་སྤྱིའི་ནང་མི་འདི་ལྟ་བུ་ཁག་གཅིག་ཡོད་པ་སྟེ། ཁོང་ཚོས་ལས་ཀ་བཙོག་ཤོས་དང་དཀའ་ཤོས་བྱེད་པ་དང་། དུས་ཆེན་གཏོང་ཁོམ་མེད་པ། ཉིན་གང་གསང་སྤྱོད་ནང་ལས་ཀ་བྱས་ཏེ་གཙང་བཙོག་དང་དཀའ་ངལ་ལ་མི་འཛེམ་པ་མ་ཟད། སྐད་གྲགས་མེད་པར་ཁོངས་གཏོགས་ཁུལ་གྱི་སྤྱི་པའི་གསང་སྤྱོད་རེ་རེ་བཞིན་ལ་སྐོར་ཞིབ་བྱས་ནས་གྲོང་ཁྱེར་ནང་གི་སྤྱི་པའི་གསང་སྤྱོད་ཁག་རྒྱུན་གཏན་ལྟར་སྤྱོད་ཐུབ་པར་བྱེད་ཀྱི་ཡོད། ཁོང་ཚོའི་ལས་རིགས་ནི་ཆུ་ཚོད་16རིང་། སྤྱི་པའི་གསང་སྤྱོད་དུས་ཐོག་ཏུ་ཉམས་བཟོ་བྱ་རྒྱུའི་བཀའ་སྒུག་ནས་སྡོད་རྒྱུ་དེ་ཡིན་ཞིང་། གྲོང་ཁྱེར་གྱི་རྣམ་པ་གྲལ་འགྲིག་ལ་གཙང་སྦྲ་དོད་པ་དེ་ཁོང་ཚོ་དང་ཁ་འབྲལ་ཐབས་མེད། ཁྲེང་ཀོན་ཆུས་ཅེ་ཏ་ཁོར་ཡུག་གཙང་སྦྲ་ཚད་ཡོད་ཀུང་སིའི་སྤྱི་པའི་གསང་སྤྱོད་ཉམས་བཟོ་བ་དབང་རྒྱལ་ནི་ཁྱིམ་ཚང་ཆེན་པོ་དེའི་ལས་མི་ཞིག་རེད།

    “ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་སྐོར་ཤར་ལམ་གྱི་ལྷོ་ངོས་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་ཉེ་འགྲམ་གྱི་སྤྱི་པའི་གསང་སྤྱོད་འགགས་ནས་གཤོང་དགོས་པ་དང་། གྲོང་ཁུལ་རྙིང་པའི་བར་སྐོར་བྱང་རྒྱུད་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་བཅད་བཀག་ཉམས་བཟོ་བྱ་དགོས་ཀྱི་འདུག”ཅེས་པའི་ལས་འགན་རེའུ་མིག་ལ་བལྟས་རྗེས་དབང་རྒྱལ་གྱིས་རྒྱ་མ་བཅུ་ཕྲག་ཡོད་པའི་ལག་ཆ་བླུག་སྣོད་ཁྱེར་ནས་ཉིན་རེའི་ལས་ཀ་བྱེད་འགོ་ཚུགས།

    སྤྱི་པའི་གསང་སྤྱོད་ཉམས་བཟོའི་ལས་ཀ་བྱས་ནས་ལོ་6སོང་བའི་དབང་རྒྱལ་གྱིས་ལྷ་ས་གྲོང་ཁྱེར་ནང་ཁུལ་གྱི་སྤྱི་པའི་གསང་སྤྱོད་150ལྷག་གི་གནས་ཡུལ་དང་བཟོ་བཅོས་རྒྱག་སྐབས་དོ་སྣང་བྱེད་དགོས་པའི་གནས་ཚུལ་སོགས་སྔ་ས་ནས་སེམས་གཏིང་དུ་ངེས་ཡོད་ཅིང་། ཆུང་ས་སྤྱི་པའི་གསང་སྤྱོད་ཀྱི་སྒོའི་ལག་འཇུ་དང་ཆུ་གློག་དང་། ཆེ་ས་གསང་སྤྱོད་ནང་གི་བཅད་བཀག་དང་གཙོག་གཞོང་སོགས་རྒྱུན་གཏན་གྱི་སྲུང་སྐྱོང་དང་ཉམས་བཟོ་སོགས་ཚང་མ་དབང་རྒྱལ་དང་ལས་རོགས་ཚོས་མཉམ་དུ་ལེགས་སྒྲུབ་བྱེད་ཀྱི་ཡོད།

    མི་རིང་བའི་གོང་། དབང་རྒྱལ་ལ་གྲོང་ཁུལ་རྙིང་པའི་སྦྲ་ནག་ཞོལ་སྡེ་ཁུལ་སྦྲ་ནག་ཞོལ་སྲང་ལམ་གཉིས་པའི་གསང་སྤྱོད་སྲུང་མཁན་གྱི་ཁ་པར་འབྱོར་ནས་དེ་གའི་སྤྱི་པའི་གསང་སྤྱོད་འགྲམ་གྱི་ས་འོག་ཆུ་འགྲོ་འགགས་ཏེ་ཆུ་སྙིགས་ལམ་ངོས་སུ་ལུད་ནས་འགྲུལ་བཞུད་སྟབས་བདེ་པོ་མིན་འདུག་ཅེས་བཤད། དབང་རྒྱལ་ལས་ཡུལ་དངོས་སུ་འབྱོར་སྐབས་ཆུ་སྙིགས་ཕྱིར་འདོན་པ་མཐོང་མ་ཐག་འཕྲལ་དུ་ས་འོག་ཆུ་འགྲོའི་ཁེབས་གཅོད་ཕྱེ་བ་དང་། པུས་མོ་ས་ལ་བཙུགས་ཏེ་ལག་པ་དམར་ཧྲེང་དུ་ས་འོག་མདོང་ལམ་ནང་བརྐྱངས་ཏེ་གད་སྙིགས་དང་བཙོག་པ་ཚང་མ་སྔོག་པས་མཐར་ཆུ་འགྲོ་བཤངས་ཐུབ་པ་བྱུང་། སྤྱི་པའི་གསང་སྤྱོད་ཉམས་བཟོ་བྱེད་སྐབས་ད་དུང་ཐོལ་བྱུང་གི་གནས་ཚུལ་རྙོག་དྲ་མང་པོ་ཞིག་འཕྲད་ཀྱི་ཡོད་ཅིང་། སྐབས་རེ་རང་ཉིད་ཀྱིས་འཁྱེར་བའི་ལག་ཆས་ཕན་མ་ཐོགས་པར་ཐབས་ཤེས་སྣ་ཚོགས་འདོན་དགོས་ཀྱི་ཡོད།

    “མི་གཞན་གྱིས་བལྟས་ན་ང་ནི་གསང་སྤྱོད་ཉམས་བཟོ་བྱེད་མཁན་ཞིག་ཡིན་པས་མི་མང་པོ་ཞིག་གིས་མཐོང་ཆུང་བྱེད་ཀྱི་ཡོད་སྙམ་སྲིད། འོན་ཀྱང་ང་རང་སོ་སོའི་ལས་ཀ་འདིར་ཧ་ཅང་དགའ་པོ་ཡོད། ངས་སྔ་བར་ཕྱི་གསུམ་དུ་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་སྤུས་འབོར་གཉིས་ལྡན་ངང་གསང་སྤྱོད་ཉམས་བཟོའི་ལས་འགན་ཁག་བསྒྲུབས་ཀྱི་ཡོད་ལ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་གྲོང་མི་མང་ཚོགས་དང་དེ་བཞིན་ཡུལ་སྐོར་བར་གསང་སྤྱོད་ཀྱི་ཁོར་ཡུག་ཡག་པོ་ཞིག་བཏོད་དེ་གྲོང་ཁྱེར་གྱི་ཁོར་ཡུག་སྔར་བས་གཙང་ཞིང་གྲལ་འགྲིག་པོ་ཡོང་བ་དང་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་ཕྲན་བུ་འབུལ་གྱི་ཡིན”ཞེས་དབང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།