[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • དྭངས་ཤིང་གཙང་བའི་རི་ཆུ་རླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་པ།

    ​ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-03

    ■ གླེང་གཞི།

    2011ལོར་ལྷ་ས་གྲོང་ཁྱེར་གྱིས་བོད་ཀྱི་དེང་རབས་བཙོག་ཆུ་གཙང་གསིང་གི་བཟོ་གྲྭ་ཐོག་མ་དེ་བསྐྲུན་པ་དང་། 2013ལོར་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ས་གཙང་བདེ་ཐང་ཐོན་ལས་གསར་སྤེལ་བྱས་པ། 2014ལོར་བོད་ཀྱི་ཉེན་ཆེའི་ཟོག་རོ་ཐག་གཅོད་བྱེད་པའི་ལྟེ་གནས་ཐོག་མ་དེ་བསྐྲུན་པ་རེད།

    2013ལོ་ནས་2015ལོ་བར། ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ཅུང་ལེགས་གྲས་ཀྱི་གྲོང་ཁྱེར་གྱི་ཨང་5པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ལོ་རེའི་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་94%ཡན་ཟིན་ཡོད།

    2016ལོར་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་313ཟིན་པ་དང་མཁའ་རླུང་ལེགས་ཚད་85.5%ཟིན་ནས། མཁའ་རླུང་གི་སྤུས་ཚད་ཀྱི་ཕྱོཌ་བསྡུས་ཨང་རིམ་རྒྱལ་ཡོངས་ཀྱི་ཨང་10པར་སླེབས་ནས་ཁོར་ཡུག་བཅོས་སྐྱོང་ལ་ཚད་བརྒལ་གསར་པ་བྱུང་ཡོད།

    དྭངས་ཤིང་གཙང་བའི་རི་ཆུ་རླུང་གསུམ་སྲུང་སྐྱོང་ལྷོད་མེད་བྱས་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་སྤེལ་བ་དང་མང་ཚོགས་ཀྱིས་བསམ་འཆར་མང་བའི་ཁོར་ཡུག་གི་གནད་དོན་ལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད།

    2017ལོར། ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཟོག་འདྲེན་རླངས་འཁོར་1279ལ་ཞིབ་བཤེར་བྱས་ནས་རླངས་འཁོར་མཇུག་རླངས་ཀྱི་ཚད་གཞི་དང་མ་མཐུན་པའི་རླངས་འཁོར་274ལ་ཆད་པ་བཅད་ཡོད། འདི་ལོ། ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་མུ་མཐུད་ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་སྡེ་ཚན་དང་མཉམ་དུ་ཁྲའེ་ཡིའུ་སྣུམ་སྤྱོད་རླངས་འཁོར་ལ་གཙོ་བོར་དམིགས་ནས་ལམ་བཤེར་བྱེད་པའི་ལས་དོན་སྤེལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ཁྱོན་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་496ལ་ཞིབ་བཤེར་བྱས་ནས་མཇུག་རླངས་ཚད་མི་ལོན་པའི་རླངས་འཁོར་གཞུང་ལམ་ཐོག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བས། གྲོང་ཁྱེར་ཡོངས་ཀྱི་ཁྲའེ་ཡིའུ་སྣུམ་སྤྱོད་རླངས་འཁོར་གྱི་མཇུག་རླངས་ཚད་ལྡན་དུ་གཏོང་རྒྱུར་སྐུལ་འདེད་ངེས་ཅན་ཐུབ་ཡོད་པ་རེད། ད་རེས་ཀྱི་ཞིབ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ཅང་ཧུང་གིས“གཞུང་ལམ་ཐོག་ཞིབ་བཤེར་བྱེད་པའི་ཁྲོད། མཇུག་རླངས་ནག་པོ་ཚབས་ཆེན་དོན་པའི་ཚད་གཞི་མ་ལོན་པའི་རླངས་འཁོར་ཤེས་རྟོགས་བྱུང་བ་དེ་དག《རླུང་ཁམས་ཆེ་མོའི་སྦགས་བཙོགའགོག་བཅོས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་ནན་པོ་བྱས་ནས་འཕྲུལ་སྒུལ་འཁོར་རིགས་ཁག་གི་བཙོག་འབུད་ཞིབ་བཤེར་སྒྲིག་གཞིར་ཉེན་བརྡ་གཏོང་རྒྱུ་ཡིན། འོན་ཀྱང་ཞིབ་བཤེར་ནི་བྱེད་སྟངས་ཤིག་ཡིན་པས། རེ་བར་རྒྱ་ཆེའི་ཁ་ལོ་བ་ཚོས་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ཀྱི་གནད་དོན་ལ་རང་རྟོགས་དང་རང་འགུལ་ངང་མཐོང་ཆེན་བྱས་ཏེ་རང་ཉིད་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་ལྷ་སའི་ནམ་མཁའ་དེ་བས་སྔོ་བ་ཡོང་བར་བྱེད་དགོས”ཞེས་བཤད་པ་རེད།

    སྣོད་བཅུད་བདེ་འཇགས་ཀྱི་སྲུང་སྐྱོང་དྲ་བ་བརྟན་པོ་ཞིག་བསྐྲུན་པ།

    ད་ཆ། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་འཐུང་ཆུའི་ཆུ་འགོ་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལས་དོན་ལ་འགན་ལེན་བྱེད་རིང《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་གི་དབྱེ་འབྱེད་ལག་རྩལ་སྙན་ཞུའི》(མ་ཡིག་ཞུ་དག་བསྐྱལ་བ)རྩོམ་བཟོའི་ལས་དོན་ལེགས་སྒྲུབ་བྱས་ཡོད། སྦགས་བཙོག་བཅོས་སྒྲིག་ལས་དོན་ལ་ཤུགས་སྣོན་རྒྱག་རིང་། ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་ཨར་སྐྲུན་ལས་གྲྭ་དང་གྲོང་ཁྱེར་འདུ་འགོད་ཀྱི་སྦགས་བཙོག་འགོག་བཅོས་ནང་དོན་དང་ཚད་གཞི་ཚད་ལྡན་དུ་བཏང་བ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་སུ《ལྷ་ས་སྐྱིད་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་ཀའི་བྱ་སྤྱོད་ཇུས་གཞི》དང་། 《ལྷ་ས་སྐྱིད་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གཏན་འབེབས》《ལྷ་ས་གྲོང་ཁྱེར་གྱིས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་ལག་བསྟར་ཇུས་གཞི》སྔོན་ལ་གཤམ་སྤྲོད་བྱས་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ཆུ་དཔོན་མ་ལག་བཙུགས་པ་དང་གྲོང་ཁྱེར་དེ་ཡོངས་སུ་གྲོང་ཁྱེར་རིམ་པའི་ཆུ་དཔོན་16དང་། རྫོང་རིམ་པའི་ཆུ་དཔོན་143 ཤང་གྲོང་རྡལ་རིམ་པའི་ཆུ་དཔོན་179 གྲོང་ཚོ་རིམ་པའི་ཆུ་དཔོན་256བཅས་བཀོད་སྒྲིག་བྱས་པ་རེད།

    རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་སྡོད་མལ་ཁོར་ཡུག་ལ་སྐུལ་འདེད་བཏང་བ།

    ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་མིའི་སྔོ་འགྱུར་་མྱོང་ཚོར་དང་སྣོད་བཅུད་ཀྱི་ཐོབ་སེམས་ཆེ་རུ་ཧུར་ཐག་བཏང་ནས་མི་སེར་ཚོས་སྔོ་ལྗང་ཤིང་སྣས་བཀླུབས་པ་དང་སྣོད་བཅུད་བདེ་སྐྱིད་དངོས་སུ་མྱོང་ཐུབ་པ་བྱུང་ཡོད།

    ཤིང་འཛུགས་ནགས་གསོའི་ལས་དོན་ཤུགས་ཆེན་སྤེལ་ནས་སྡོད་མལ་ཁོར་ཡུག་ལེགས་སུ་རིམ་གྱིས་གཏོང་ཆེད། འདི་ལོ་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་མུའུ་2717.06ཤིང་འཛུགས་ནགས་བཟོ་བྱ་རྒྱུའི་ལས་འགན་ལེགས་སྒྲུབ་བྱས་པ་དང་། སྡོང་ཕྲུག་སྣ་ཚོགས་ཁྲི་66.6དང་། རྩྭ་དང་མེ་ཏོག་ཁྲི་1.25 སྤང་སྨི་ངོས་གྲུ་ཁྲི་1.61བཅས་བཏབ་པ་དང་དེར་མ་དངུལ་སྒོར་དུང་ཕྱུར་1.78བཏང་ཡོད། རྒྱལ་ཁབ་ས་ཆའི་སྔོ་འགྱུར་ལས་དོན་སྤེལ་རིང་། ནགས་བཟོ་སྔོ་འགྱུར་མུའུ་ཁྲི་9.62ལྷག་ཙམ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་2.24བཏང་བའི“མེད་པ་བཟོ་བ་ལྔའི”ནགས་བཟོ་དང་ནགས་ལས་འདུ་འགོད་རྣམ་གྲངས་ཀྱིས་འོས་འགན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་3.05བྱས་པ་རེད།

    ཤིང་འཛུགས་ནགས་བཟོ་འཚམ་སར་ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་རིང་། ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ལྗོངས་ཡོངས་སུ་ས་བབ་སྨི་4300མན(སྨི་4300ཚུད་པ)དུ་ཤིང་འཛུགས་ནགས་བཟོ་བྱས།

    དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་འཛུགས་སྐྲུན་རྣམ་གྲངས་ཐད་སྤྱད་པའི་ནགས་སའི་ཞིབ་བཤེར་དང་ཆོག་མཆན་གྱི་དོ་དམ་ནན་དུ་བཏང་བ་དང་སྦྲགས་ནགས་ཚལ་སྣོད་བཅུད་ཕན་འབྲས་སྐོར་གྱི་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་དོན་འཁྱོལ་ཧུར་ཐག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།