[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གཞིས་རྩེ་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དག་ཐེར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-27

    ཉིན་ཤས་གོང་གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དག་ཐེར་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། གཞིས་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དང་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བཏོན་གནང་བའི“ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་དོན་འཁྱོལ་ལས་དོན་ལ་དམ་འཛིན་བྱས་ཏེ་བྱ་བ་ཚང་མར་བརྟེན་ས་ཡོད་པ་དང་བྱ་བ་ཚང་མར་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས་པའི”ལས་ཀའི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་དང་། དམངས་འཚོའི་འདུ་འགོད་གལ་ཆེན། འཕེལ་རྒྱས་གནད་དོན་གལ་ཆེན་བཅས་སུ་བརྩིས་ནས་སྔར་བས་བཀོད་སྒྲིག་དང་སྐུལ་འདེད་གཏོང་བ་དང་། རང་འགུལ་ངང་ངོས་འཛིན་དང་། ཚང་མ་དང་ལེན། དག་ཐེར་ཧུར་ཐག་བཅས་བྱས་ཏེ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་རྩིས་སྤྲད་པ་དང་བསམ་འཆར་བཏོན་པའི་གནད་དོན་སྣ་ཚོགས་དག་ཐེར་ནུས་ལྡན་ཐུབ་ཡོད། མིག་སྔའི་བར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་རྩིས་སྤྲད་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་115ཡི་ནང་ནས་གནད་དོན་104དག་ཐེར་ཟིན་པ་དང་གནད་དོན་11དག་ཐེར་བྱེད་བཞིན་ཡོད་པ་རེད།

    ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་འདོམས་བཀོད་སྒྲིག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་གང་ལེགས་བྱེད་པ། གྲོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་དང་། སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ། རྒྱུན་ལས་ཚོགས་འདུ། སྐུལ་སློང་བཀོད་སྒྲིག་ཚོགས་འདུ། དག་ཐེར་སྐུལ་འདེད་ཚོགས་འདུ་སོགས་ཐེངས་50ལྷག་ཙམ་འཚོགས་ནས་ཁོར་ཡུག་ལྟ་བཤེར་དག་ཐེར་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཀྲུང་དབྱང་ཁོར་ཡུག་ལྟ་བཤེར་ཚོགས་ཆུང་དྲུག་པའི་ཚུར་ལན་བསམ་འཆར་གྱི་དག་ཐེར་ཇུས་གཞི་དང་ཁོར་ཡུག་ལྟ་བཤེར་དག་ཐེར་གྱི་སྤྱིའི་ལས་འགན་ལག་བསྟར་དོན་འཁྱོལ་བྱེད་པའི་གསལ་ཐོ་བཟོས་ཏེ་དམིགས་ཚད་དང་། བྱེད་ཐབས། དུས་ཚད། བླང་བྱ་བཅས་སྔར་བས་ཁ་གསལ་བཟོས་ཡོད།

    མིག་སྔར། གཞིས་རྩེ་གྲོང་ཁྱེར་གྱིས་ཁེ་ལས་3ལས་མཚམས་བཞག་པ་དང་ཁེ་ལས་96ལ་དག་ཐེར་བྱེད་དགོས་པའི་བཀའ་བཏང་ཡོད། ཟླ་6ཚེས་22ཉིན་བར“ཆོག་མཆན་མ་ཐོབ་པར་བསྐྲུན་པའི”ཁེ་ལས་6ལ་ཁྲིམས་ལྟར་ཆད་པ་བཅད་པ་དང་ཁྱོན་དངུལ་ཆད་སྒོར་ཁྲི་1027.934བཏང་བ་རེད།

    བླང་བྱ་གཞིར་བཟུང་དག་ཐེར་ལས་འགན་ལེགས་སྒྲུབ་བྱས་མེད་པའི་འགན་འཁྲིའི་ཚན་པ་དང་། དག་ཐེར་བྱེད་ཤུགས་མི་འདང་བར་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་དེ་བཞིན་ཁག་འགན་ཕར་དཀྲི་ཚུར་དཀྲི་དང་། གཡོ་ཟོལ། ཁྲལ་སེལ་སླ་བཅོས་ཀྱི་ངོ་བོའི་རང་བཞིན་ལྡན་པའི་འཕེལ་རྒྱས་མེད་པ་དང་ཐ་ན་དག་ཐེར་རྫུས་མ་བྱས་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱ་རྒྱུ་རེད། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱིས་མི་87སྐོང་འདྲི་བྱས་པ་དང་མི་33ལ་འགན་འཁྲི་བདའ་འདེད་བཏང་བ་རེད།

    དེ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་གྱིས་དྲིལ་བསྒྲགས་གཏོང་སྤེལ་ལ་མཐོང་ཆེན་བྱས་ནས་སྨྱན་སྦྱོར་གྱི་ལས་སྟེགས་སྣ་ཚོགས་བརྒྱུད། དུས་ཐོག་ཏུ་སྤྱི་ཚོགས་ཡོངས་སུ་ཁོར་ཡུག་སྲུང་སྐྱོང་དག་ཐེར་ལས་དོན་སྤེལ་ཚུལ་ཡོངས་བསྒྲགས་བྱས་པ་དང་། དག་ཐེར་བྱེད་རིང་ཐབས་ཇུས་དམངས་ལ་འདྲི་བ་དང་དག་ཐེར་གྲུབ་འབྲས་དམངས་ལ་འདྲིས་ཏེ་སྤྱི་ཚོགས་ཡོངས་སུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་མི་ཚང་མས་དོ་ཁུར་དང་། ཚང་མས་རྒྱབ་སྐྱོར། ཚང་མ་ཞུགས་པ་བཅས་ཀྱི་ཚ་རླབས་ཤིག་འཕྱུར་བར་བྱས་ཡོད། ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་བྱ་རྒྱུར་སྣང་ཆེན་བྱས་ཏེ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་གི་ཚུར་ལན་གནད་དོན་དག་ཐེར་བྱ་རྒྱུ་གོ་སྐབས་སུ་བྱ་རྒྱུ་མཐའ་འཁྱོངས་དང་། གནད་དོན་དངོས་ཐག་གཅོད་བྱེད་རིང་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཁ་གསལ་བཟོ་བ། འདི་ནས་དེ་ཤེས་དང་གཅིག་ཤེས་ཀུན་གྲོལ་བཅས་ཀྱིས་དེ་སྔ་ཐག་གཅོད་བྱེད་དགོས་བསམ་རུང་ཐག་གཅོད་བྱེད་མ་ཐུབ་པའི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།