[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • མ་ཕམ་གཡུ་མཚོའི་རྒྱལ་སྤྱིའི་འདམ་ར་གལ་ཆེན།

    ​ རི་བོ་དེ་དང་། མཚོ་དེ། མི་དེ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-03

    2017ལོའི་ཟླ་11ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་ཕྱེད་ཀ་ཙམ་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4560ཡོད་པའི་མ་ཕམ་གཡུ་མཚོའི་རྒྱལ་ཁབ་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་བྱེའུ་དོ་དམ་ས་ཚིགས་སུ་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་བཅུ་གྲངས་བར་ཆག་པ་དང་མཛེས་སྡུག་འགྲན་ཟླ་བྲལ་བའི་མ་ཕམ་གཡུ་མཚོའི་འགྲམ་དུ་ལངས་སྐབས་གྲང་རླུང་ཆེན་པོ་ལྡང་ནས་འདར་སིག་སིག་ཏུ་གྱུར་གྱི་ཡོད།

    མ་ཕམ་གཡུ་མཚོའི་རྒྱལ་ཁབ་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་བྱེའུ་དོ་དམ་ས་ཚིགས་ཀྱི་ཀྲེན་ཀྲང་པད་མ་དབང་རྒྱལ་དང་བདག་སྐྱོང་པ་བློ་བཟང་བཀྲ་ཤིས་ཀྱིས་སྐོར་གཡེང་གི་གྱོན་ཆས་གྱོན་པ་དང་མགོ་ལ་རྨོག་ཞྭ་གྱོན་ཏེ་སྦག་སྦག་བཞོན་ནས་ཉིན་གང་གི་སྐོར་གཡེང་སྲུང་སྐྱོང་ལས་དོན་སྤེལ་འགོ་ཚུགས།

    ཁོང་ཚོ་ནི་བྱེའུ་དོ་དམ་ས་ཚིགས་ཀྱིས་བསྡུས་པའི་ཞིང་འབྲོག་པའི་འདམ་ར་བདག་སྐྱོང་པ་12དེ་དག་རེད།

    པད་མ་དབང་རྒྱལ་དང་བློ་བཟང་བཀྲ་ཤིས་ཀྱི་དེ་ཉིན་གྱི་སྐོར་གཡེང་སྲུང་སྐྱོང་ལམ་ཐིག་ནང་བྱེའུ་དོ་དམ་ས་ཚིགས་ནས་གླང་སྣ་བདག་སྐྱོང་ས་ཚིགས་དང་། ལ་ལྔ་མཚོ་བདག་སྐྱོང་ས་ཚིགས་དང་ཚྭ་ཏི་བདག་སྐྱོང་ས་ཚིགས་བར་ཚུད་ཡོད། སྐོར་གཡེང་བདག་སྐྱོང་གི་ལམ་བར་དུ་ཁོང་ཚོས་སྦག་སྦག་ཡང་ཡང་ཁ་བཀག་ནས་ལམ་འགྲམ་གྱི་གད་སྙིགས་སྒྲུག་པ་དང་རྒྱང་ཤེལ་ལྟ་བཞིན་ཉེ་འཁོར་དུ་སྲོག་ཆགས་ཤི་མིན་དང་འདམ་རའི་སྔོ་ཁེབས་གཏོར་བཤིག་བཏང་ཡོད་མེད་ལྟ་གི་ཡོད། གལ་ཏེ་གནད་དོན་ཤེས་རྟོགས་ཐུབ་ཚེ་ཁོང་ཚོས་དུས་ཐོག་ཏུ་འབྲེལ་ཡོད་ནགས་ལས་སྡེ་ཚན་ལ་སྙན་སེང་ཞུ་གི་ཡོད།

    དབྱར་ཁ་འཆར་རིམ་བཞིན་ཁྲུང་ཁྲུང་མཇིང་ནག་དང་ཁྲུང་ཁྲུང་མགོ་ཁྲ་ཁྱུ་བསྒྲིགས་ཏེ་དེ་གར་འཚོ་སྡོད་བྱེད་པ་དང་ཁོང་ཚོའི་སྒེག་ཉམས་དོད་པའི་སྟངས་སྟབས་ཀྱིས་མ་ཕམ་གཡུ་མཚོར་གསོན་ཉམས་དོད་པའི་མཛེས་རྒྱན་སྤྲོས་ཡོད།

    མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་དབང་བསྟན་རྒྱལ་གྱིས་སའི་གོ་ལའི་ས་བབ་མཐོ་བའི་ས་ཁུལ་གྱི་ཚྭ་མེད་ཆུ་གསོག་ཚད་ཆེ་ཤོས་དང་མཐོ་གྲང་ནང་རྒྱུག་མཚེའུ་ཡི་ངོས་ནས་མ་ཕམ་གཡུ་མཚོ་ནི་འཛམ་གླིང་མཐོ་གྲང་ས་ཁུལ་གྱི་མཚོན་བྱེད་རང་བཞིན་དང་དཔེ་མཚོན་རང་བཞིན་ཆེ་ཤོས་ལྡན་པའི་མཚེའུ་ཡི་འདམ་ར་ཡིན་པ་དང་སྲུང་སྐྱོང་ཁུལ་གྱིས་དམིགས་བསལ་ཆར་ཆུ་དཀོན་པའི་ཐང་རྒོད་ཁུལ་གྱི་སྣོད་བཅུད་མ་ལག་དང་། ཚེ་སྲོག་མ་ལག སྤྱི་ཚོགས་དཔལ་འབྱོར་མ་ལག་བཅས་ཀྱི་འདེགས་སྐྱོར་ལ་ནུས་པ་ཧ་ཅང་ཆེན་པོ་འདོན་བཞིན་ཡོད་ཅེས་བཤད།

    2002ལོར་མངའ་རིས་ས་ཁུལ་གྱིས་མ་ཕམ་གཡུ་མཚོ་ས་ཁུལ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐྲུན་པའི་ཆོག་མཆན་སྤྲད་པ་རེད། 2005ལོར་སླེབས་སྐབས་འདམ་ར་སྤྱི་ཆིངས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་ཆོག་མཆན་སྤྲད་པ་རེད། 2008ལོར་རང་སྐྱོང་ལྗོངས་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གྱུར་པ་དང་2017ལོའི་ཟླ་7པར་རྒྱལ་ཁབ་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དངོས་སུ་རིམ་པ་སྤར་བ་རེད། དེའི་སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི་མ་ཕམ་གཡུ་མཚོ་དང་ལ་ལྔ་མཚོ་གཙོ་བོར་བྱས་པའི་འདམ་རའི་སྣོད་བཅུད་མ་ལག་དང་དེ་བཞིན་དེ་གར་འཚོ་གནས་བྱེད་པའི་ཆུ་ནང་སྲོག་ཆགས་དང་སྐམ་སར་གནས་པའི་སྲོག་ཆགས་དེ་དག་རེད།

    མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་དབང་བསྟན་རྒྱལ་གྱིས“འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱས་པ་བརྒྱུད་མ་ཕམ་གཡུ་མཚོའི་འདམ་རའི་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཁྱོན་ཡོངས་ནས་སྲུང་སྐྱོང་དང་། སྣོད་བཅུད་མ་ལག་ནུས་པ་དང་སྣོད་བཅུད་བརྒྱུད་རིམ་ཆ་ཚང་རང་བཞིན་རྒྱུན་འཁྱོངས། སྣོད་བཅུད་མ་ལག་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་བཅས་བྱས་ཏེ་སྲུང་སྐྱོང་ཁུལ་གྱི་སྲུང་སྐྱོང་དོ་དམ་དང་། ཚན་ཞིབ་ལྟ་ཞིབ་ཚད་འཇལ། དྲིལ་བསྒྲགས་སློབ་གསོའི་ཆུ་ཚད་བཅས་མཐོ་རུ་ཧུར་ཐག་གཏོང་རྒྱུ་རེད”ཅེས་བཤད།

    མིག་སྔར་མ་ཕམ་གཡུ་མཚོའི་རྒྱལ་ཁབ་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྱོན་བདག་སྐྱོང་ས་ཚིགས་6དང་བདག་སྐྱོང་བྱ་ཡུལ་3བཙུགས་པར་འགན་ཁུར་བ་དང་བདག་སྐྱོང་བ་ཚུད་པའི་མི་90ཡིས་རྒྱུན་གཏན་གྱི་དོ་དམ་སྐོར་ཞིབ་ལས་དོན་སྤེལ་འགན་འཁུར་གྱི་ཡོད།

    འདི་ལོ་ལོ་29ལ་སླེབས་པའི་པད་མ་དབང་རྒྱལ་ནི་སྤུ་ཧྲེང་རྫོང་བར་ག་ཤང་གཞུང་པ་གྲོང་ཚོའི་མི་རེད། འདི་ལོའི་ཟླ་8པར་མ་ཕམ་གཡུ་མཚོའི་རྒྱལ་ཁབ་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་བྱེའུ་དོ་དམ་ས་ཚིགས་དངོས་སུ་མ་བཙུགས་གོང་ཁོང་ནི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བ་ཞིག་རེད།

    ཁོང་གིས“འདས་ཟིན་པའི་ལོ་གཉིས་རིང་རང་ཉིད་ནི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བ་ཞིག་ཡིན་པ་དང་འགན་འཁྲི་ནི་མ་ཕམ་གཡུ་མཚོའི་ཉེ་འཁོར་གྱི་ཁོར་ཡུག་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་མིའི་གནོད་འཚེ་བཀག་འགོག་བྱེད་པ་དང་། གད་སྙིགས་སྒྲུག་པ། འདམ་རར་གཏོར་བཤིག་གཏོང་བ། གང་བྱུང་དུ་སྲོག་ཆགས་འཛིན་པ། རྔོན་རྒྱག་པ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་དེ་ཡིན་པས་ད་ཆའི་འདམ་རར་བདག་སྐྱོང་བ་དང་འདྲ་པོ་ཡོད། དེར་བརྟེན་གཟའ་འཁོར་གཅིག་ལ་ང་ཚོའི་སྐོར་གཡེང་སྲུང་སྐྱོང་ལས་འགན་ཐེངས་3ལས་མི་ཉུང་བ་དང་སྐོར་གཡེང་དུས་ཡུན་ཆུ་ཚོད་4ནས་6བར་འགོར་གྱི་ཡོད་སྟབས་ང་ཚོས་སྦག་སྦག་བཞོན་ནས་འགྲོ་གི་ཡོད”ཅེས་བཤད།

    ཚེ་དབང་བསྟན་རྒྱལ་གྱིས་གསར་འགོད་པར་བསྡུས་པའི་འདམ་ར་བདག་སྐྱོང་བ་དེ་དག་ཚང་མ་ས་ཆ་དེ་གའི་མང་ཚོགས་ཡིན་པ་དང་ཁོང་ཚོའི་འགན་སེམས་ཆེན་པོ་ཡོད་པ་མ་ཟད་མི་རབས་ནས་མི་རབས་བར་མ་ཕམ་གཡུ་མཚོར་གཅེས་པོ་ཡོད་པས་ཁོང་ཚོར་མ་ཕམ་གཡུ་མཚོའི་རྒྱལ་ཁབ་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་བདག་སྐྱོང་བྱེད་དུ་བཅུག་པ་དེས་ས་ཆ་དེ་གའི་ཞིང་འབྲོག་པའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད་མ་ཕམ་གཡུ་མཚོར་སྲུང་སྐྱོང་དེ་བས་ཡག་པ་ཐུབ་ཡོད་ཅེས་བཤད།

    མི་གཉིས་ལས་ཚོགས་ཆུང་གཅིག་གྲུབ་པའི་དུས་བཀག་སྐོར་གཡེང་ལས་འགན་སྒྲུབ་པ་ཕུད། གད་སྙིགས་གཙང་སེལ་བྱེད་པའང་འདམ་རའི་བདག་སྐྱོང་བ་ཚོའི་ལས་འགན་གལ་ཆེན་གྱི་གྲས་ཤིག་རེད། ད་ཆ་བསྡུས་པའི་བདག་སྐྱོང་བ་དང་ཀྲེན་ཀྲང་གཅིག་ལྕོགས་པད་མ་དབང་རྒྱལ་ལ་ཟླ་རེའི་གླ་ཆ་སྒོར་2000ཡོད་ལ་ལོ་21ལ་སླེབས་པའི་བློ་བཟང་བཀྲ་ཤིས་དང་དེ་བྱིངས་ཀྱི་བདག་སྐྱོང་བ་དཀྱུས་མ་ཚོར་ཟླ་རེར་གླ་ཆ་སྒོར་1800ཡོད།

    འདི་ལོ་ནས་བཟུང་སྤུ་ཧྲེང་རྫོང་ནགས་ལས་ཅུས་ཀྱིས་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་དོ་དམ་ས་ཚིགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ས་མཚམས་གཏན་འཁེལ། སྲུང་སྐྱོང་ནུས་པ་འཛུགས་འགོ་ཚུགས་པ། སྲུང་སྐྱོང་ཁུལ་གྱི་མང་ཚོགས་ཀྱིས་མཉམ་དུ་དོ་དམ་ལས་དོན་སྤེལ་བ་བཅས་བྱས་ཏེ་མ་ཕམ་གཡུ་མཚོའི་རྒྱལ་ཁབ་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་ལ་དོ་དམ་ནུས་ལྡན་བྱེད་ཀྱི་ཡོད།

    མིག་སྔའི་བར་མ་ཕམ་གཡུ་མཚོའི་རྒྱལ་ཁབ་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ལྟ་ཞིབ་ཚད་འཇལ་དང་ཞིབ་བཤེར་ས་ཚིགས་གཅིག་དང་། དྲིལ་བསྒྲགས་སློབ་གསོ་དང་འཚམས་འདྲིའི་ལྟེ་གནས་གཅིག་ཡོད་པ་མ་ཟད་བདག་སྐྱོང་སྐོར་གཡེང་ལམ་སྤྱི་ལེ་9ཉམས་གསོ་དང་བསྐྲུན་པ་དང་། བདག་སྐྱོང་གྲུ་ཁ་ཆུང་གྲས་1 རྒྱང་ལྟའི་སྟེགས་བུ་1 ས་མཚམས་དབྱེ་བའི་བྱང་བུ་8 ས་མཚམས་དབྱེ་བའི་ཕུར་པ་570 མཚོན་རྟགས་བྱང་བུ་17བཅས་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་མགྱོགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་པའི་ནང་དོན་མང་པོ་ཡོད་ཅིང་། སྙན་སྒྲོན་ནང་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་ལྟ་བ་བརྟན་པོ་བཙུགས་ཏེ་མི་དང་རང་བྱུང་ཁམས་གཞི་མཐུན་འཕེལ་རྒྱས་འགྲོ་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་བཀོད་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། དེར་བརྟེན་ཚེ་དབང་བསྟན་རྒྱལ་གྱིས“འབྱུང་འགྱུར་ང་ཚོས་སྲུང་སྐྱོང་ཁུལ་གྱི་རང་གསོའི་འཇོན་ཐང་དང་ཚན་རིག་དང་མཐུན་པ་དང་། ནུས་ཆེ། ལུགས་དང་མཐུན་པ་བཅས་ཀྱི་སྲུང་སྐྱོང་ཁུལ་གྱི་དོ་དམ་མ་ལག་འཛུགས་ནུས་རིམ་བཞིན་ཆེ་རུ་བཏང་སྟེ་མ་ཕམ་གཡུ་མཚོའི་རྒྱལ་ཁབ་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་སྣོད་བཅུད་བཟང་བ་དང་། ཤེས་དཔལ་ལྡན་པ། ཁོར་ཡུག་མཛེས་པ་བཅས་ཀྱི་རྒྱལ་སྤྱིའི་འདམ་རའི་སྤྱི་གླིང་དུ་གཞི་རྩའི་ཆ་ནས་བསྐྲུན་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།