[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གྲོང་གསེབ་ཀྱི་ཡིད་དབང་འཕྲོག་པའི་མཛེས་ལྗོངས།

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་པེ་ཅིང་གྲོང་གསར་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-01

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་པེ་ཅིང་གྲོང་གསར་ནི་རི་ཆུ་གཉིས་ཀྱི་བར་དུ་གནས་ཤིང་། ཁོ་ར་ཁོར་ཡུག་ཀུན་མཛེས་ཤིང་ལྟ་ན་སྡུག་པ་དང་འདི་གར་འཚོ་བ་སྐྱེལ་མཁན་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་རི་ཆུ་ཀླུང་གསུམ་གྱི་ཡུལ་ལྗོངས་སྲུང་སྐྱོང་ལ་དང་དོད་ཆེན་པོ་བྱེད་ཀྱི་ཡོད།

    ཁྱད་དུ་འཕགས་པའི་རང་བྱུང་ཆ་རྐྱེན་བཟང་པོ་ལས་ཁ་རུབ་པེ་ཅིང་གྲོང་གསར་གྱི་གྲོང་མི་ཚོར་བདེ་སྐྱིད་ཀྱི་ཚོར་སྣང་ཟབ་མོ་ཡོང་གི་ཡོད་ལ་ཁོང་ཚོས་གཙང་ཞིང་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་དེར་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད།

    གྲོང་མི་ངག་དབང་ཆོས་སྐྱིད་ཁྱིམ་རི་གཤམ་དུ་གནས་པ་དང་སྒོ་རའི་ནང་མེ་ཏོག་དང་སྤང་སོགས་བཏབ་པས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་རེད།

    “ངའི་ཁྱིམ་གྲོང་ཚོའི་རྒྱབ་ངོས་ཀྱི་རི་གཤམ་དུ་གནས་ཡོད། ས་ཆ་སྟོང་པ་མང་པོ་ཡོད་པས་ངས་དེར་མེ་ཏོག་བཏབ་པ་ཡིན། ཡག་པོ་དེ་འདྲ་སྐྱེས་ཡོང་སྙམ་པ་ངའི་བསམ་ཡུལ་ལས་འདས་སོང་། ང་ཚོའི་གྲོང་ཚོའི་ཁྱིམ་ཚང་མི་རེ་ངོ་རེས་མེ་ཏོག་བཏབ་པར་བརྟེན་གྲོང་ཚོ་ཧྲིལ་པོའི་ཡུལ་ལྗོངས་ཧ་ཅང་མཛེས་པོ་ཡོད”ཅེས་ངག་དབང་ཆོས་སྐྱིད་ཀྱིས་རང་ཁྱིམ་གྱི་མེ་ཏོག་ལ་ལྟ་བཞིན་བློ་ཡིད་ཚིམ་པོས་དེ་ལྟར་བཤད།

    གསར་འགོད་པས་ངག་དབང་ཆོས་སྐྱིད་ཁྱིམ་གྱི་མདུན་དུ་ཁྲོན་པ་ཞིག་ཡོད་པ་དང་ཁྲོན་པའི་ཆུ་ནི་དྭངས་ཤིང་གཙང་བ་ཞིག་ཡོད་པ་མཐོང་བྱུང་།

    “དེ་སྔ་ང་ཚོ་རི་ལ་སྡོད་སྐབས། འཐུང་ཆུ་ནི་གནད་དོན་ཆེ་ཤོས་ཤིག་ཡིན། ད་ལྟ་བཞིན་དྭངས་ཤིང་གཙང་བའི་འཐུང་ཆུ་ཁྱིམ་གྱི་སྒོ་རྩ་ནས་ལེན་རྒྱུ་ཡོད། དངོས་གནས་སྟབས་བདེ་རུ་ཕྱིན་འདུག”ཅེས་ངག་དབང་ཆོས་སྐྱིད་ཀྱིས་བཤད།

    སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་བར་གཞི་ཚུགས་ཏེ། ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་1277བཏང་ནས་ཨར་འདམ་གཞུང་ལམ་གྱི་གཞུང་ལམ་འདུ་འགོད་དང་། སྐྱེད་ཚལ་སྔོ་ལྗང་ཅན་གྱི་འདུ་འགོད། མཛེས་ལྗོངས་ཁུལ་གྱི་འདུ་འགོད་བཅས་ལག་བསྟར་བྱས་ཏེ་གད་སྙིགས་བཤོ་ས་དང་། བ་ཚང་། རྟ་ར། ལུས་སྦྱོང་སྒྲིག་ཆས། གྲོང་མིའི་བྱེད་སྒོའི་ཐང་ཆེན། རིག་གནས་བར་ཁྱམས་སོགས་ལེ་ལག་སྒྲིག་ཆས་བསྐྲུན་ནས་མང་ཚོགས་ལ་སྡོད་སའི་ཁང་པ་ཡོད་པ་དང་། ཁང་པའི་ཆ་རྐྱེན་ལེགས་པ། ཁང་པ་སྐྱིད་སྣང་དོད་པ་བཅས་ཡོད་པ་བྱས་པ་རེད།

    རང་ཁྱིམ་གྱི་གཙང་སྦྲར་དོ་སྣང་བྱེད་པ་ཕུད། གྲོང་ཚོའི་སྤྱི་པའི་འདུ་གནས་ལ་ཡང་གྲོང་མི་ཚོས་སྣང་ཆུང་བྱས་མེད། གྲོང་ཚོ་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་བྱེད་སྒོ་ནི་གྲོང་མིའི་ལས་དོན་གལ་ཆེན་ཞིག་ཡིན་པ་རེད།

    འདི་ལོའི་ཟླ་5པར། གྲོང་ཚོ་དེའི་རང་བྱུང་གྲོང་ཚོ་དྲུག་གི་མི་40ཚོགས་ཆུང་གཉིས་ལ་དབྱེ་བ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མིས་ཙུའུ་ཀྲང་བྱས་ཏེ་གྲོང་ཚོ་ཨུ་ལྷན་དང་ལམ་རྒྱུད་དུ་གཙང་སྦྲ་བྱས་པ་རེད།

    གྲོང་མི་ཚོས་གད་སྙིགས་རྩྭ་རས་ནང་བླུགས་ནས་ལམ་འགྲམ་དུ་བཞག་པ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་གཞུང་ལམ་རྒྱུད་དུ་སྐོར་གཡེང་བྱས་ཏེ་གད་སྙིགས་རྩྭ་རས་དེ་དག་གད་སྙིགས་བཤོ་སར་དབོར་བ་རེད། མིས་གཙང་མ་བཟོ་ཐབས་བྲལ་བའི་གད་སྙིགས་ཁུལ་དང་ཨར་སྐྲུན་གད་སྙིགས་གྲོང་རྡལ་སྲིད་གཞུང་ལ་དབོར་རོགས་བྱ་རྒྱུའི་རེ་བ་བཏོན་པ་རེད།

    “ང་ཚོ་སྡོད་ཁང་ཡག་པོ་དེ་འདྲའི་ནང་སྡོད་རྒྱུ་བྱུང་བས་དགའ་ཚོར་ཆེན་པོ་འདུག རྒྱུན་དུ་གྲོང་ཚོའི་ལས་བྱེད་པས་ང་ཚོར་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས་གྲོང་ཚོའི་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས་པའི་སློབ་གསོ་གཏོང་གི་ཡོད། ང་ཚོས་ཀྱང་གཙང་སྦྲའི་བྱེད་སྒོ་ཁག་ལ་ཞུགས་ཀྱི་ཡོད། གང་ལགས་ཤེ་ན། དེ་དག་ང་ཚོའི་ཆེད་དུ་རེད”ཅེས་གྲོང་མི་བློ་བཟང་གིས་དེ་ལྟར་བཤད་པ་དང་ཁོང་གིས་གྲོང་ཚོའི་ནང་གད་སྙིགས་ཡོད་པ་མཐོང་ཚེ། འཕྲལ་དུ་སྒྲུག་ནས་གད་གཞོང་ནང་བླུགས་ཀྱི་ཡོད།

    གྲོང་གསེབ་ཀྱི་མི་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་པ་དང་བསྟུན་ནས། ཁ་རུབ་པེ་ཅིང་གྲོང་གསར་གྱི་གྲོང་མིའི་སེམས་ནང་གི་ཞིང་སའི་མཛེས་སྡུག་དང་། གྲོང་ཚོའི་མཛེས་སྡུག འཚོ་བའི་མཛེས་སྡུག་བཅས་འཚོ་སྡོད་བྱ་རྒྱུར་འཚམ་པའི་གྲོང་གསེབ་ཀྱི་འཚོ་བའི་ཕུགས་འདུན་མངོན་འགྱུར་ཡོང་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།