[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱི་རི་འཛེག་པས་ཁོར་ཡུག་སྲུང་སྐྱོང་ཆེད་ནུས་པ་ཕྲན་བུ་འདོན།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཆིན་ཨོའུ།    |    སྤེལ་དུས།   2017-11-15

    452187_yis_1510636460258.jpg

    ཟླ་9ཚེས་20ཉིན་པེ་ཅིང་སློབ་ཆེན་གྱི་རི་འཛེག་རུ་ཁག་གིས་ཇོ་བོ་དབུ་ཡག་ཏུ་གད་སྙིགས་བསྒྲུགས་རྗེས་མཉམ་དུ་དྲན་རྟེན་པར་རྒྱག་པ།

    ལྷ་སའི་བྱང་རྒྱུད་དུ་གནས་པའི་ཡངས་པ་ཅན་རི་མཐོའི་སྦྱོང་བརྡར་རྟེན་གཞིའི་ཕྱི་རོལ་དུ་ལོ་31ལ་སླེབས་པའི་ཧྥུའུ་ཆིང་དཔུང་ཁག་གི་རྗེས་སུ་འབྲངས་ནས་རྐང་ཐང་མར་སྐྱོད་བཞིན་མཆིས། ཁོང་མགོ་བོ་ན་ནས་གོམ་པ་ཁ་ཤས་སྤོས་རྗེས་དབུགས་ཧལ་གྱི་ཡོད། རི་འཛེག་རྡོག་ཁྲེས་ཀྱི་ཟུར་དུ་འགྱིག་ཕད་ཅིག་བཏགས་འདུག དེས་ཁོང་འགྲོ་སྐྱོད་བྱེད་པར་དཀའ་ཚེགས་ཕྲན་བུ་འཕྲད་ཀྱི་ཡོད།

    ད་ཐེངས་ཀྱི་རྐང་ཐང་ནི་སྐབས་བཅོ་ལྔ་པའི་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་གྱིས་ནོར་སྟོད་ལ་མ་འཛེག་གོང་གི་ཕྱིར་སྐྱོད་སྦྱོང་བརྡར་ཞིག་རེད། ཧྥུའུ་ཆིང་ནི་ཡོངས་བསྒྲགས་མིང་ཐོ་བཀོད་ནས་རི་འཛེག་དཔུང་ཁག་ཏུ་བདམས་པའི་ལས་ཞོར་རི་འཛེག་དགའ་ཞེན་པ་ཞིག་རེད། ལོ་མང་ཧྲེན་ཀྲེན་དུ་གཞིས་ཆགས་པའི་ཁོང་ལ་ཆ་མཚོན་ན། ས་བབ་སྨི་4500ཙམ་ཟིན་པའི་ཡངས་པ་ཅན་དུ་འཕྲོད་ཀྱི་མེད། འོན་ཀྱང་རྩྭ་ཐང་སྟེང་བོར་བའི་འགྱིག་དམ་དང་འགྱིག་ཤོག་སོགས་གད་སྙིགས་དེ་དག་མཐོང་སྐབས་ཁོང་གིས་གོམ་པ་དལ་བུར་སྤོས་ནས་གད་སྙིགས་རེ་རེ་བཞིན་སྒྲུག་པ་དང་སྦྲགས། རྡོག་ཁྲེས་ཀྱི་ཟུར་དུ་བཏགས་པའི་འགྱིག་ཕད་ནང་བླུགས་ཀྱི་ཡོད། ལུས་བསྒུར་ནས་གད་སྙིགས་སྒྲུག་རིམ་བཞིན་དབུགས་ཧལ་ཏེ་ཡུད་ཙམ་ངལ་གསོ་དགོས་འཁེལ་གྱི་ཡོད།

    རྐང་ཐང་མར་བསྐྱོད་རྗེས་ཀྱི་ཉིན་གཉིས་པར་རི་འཛེག་དཔུང་ཁག་གིས་སླར་ཡང་བོད་ལྗོངས་རི་འཛེག་རུ་ཁག་གི་རྩལ་ཁྲིད་པའི་རྗེས་སུ་བསྙེགས་ནས་ས་བབ་སྨི་5400ཡོད་པའི་ནོར་སྟོད་ལ་རྩེའི་གངས་སར་སྦྱོང་བརྡར་བྱེད་པར་བསྐྱོད། ཧྥུའུ་ཀྲེང་གི་ལུས་པོ་སྔར་བཞིན་བདེ་པོ་མེད་ཀྱང་ཁོ་པའི་རྡོག་ཁྲེས་ཟུར་གྱི་འགྱིག་ཕད་སྔར་ལྟར་བཏགས་ཡོད།

    “རི་འཛེག་གི་ཞོར་དུ་ས་མཐོའི་ཁོར་ཡུག་གཙང་མ་ཡོང་ཆེད་ཙམ་ཡིན”ཞེས་ཧྥུའུ་ཆིང་གིས་བཤད། ནོར་སྟོད་ལ་ནི་ཁོང་གིས་ཉེ་བའི་ལོ་བཅུ་ཙམ་རིང་འཛེགས་པའི་གངས་རིའི་ཐོག་མ་དེ་རེད། ཧྥུའུ་ཆིང་དང་འགྲོགས་པའི་རི་འཛེག་པ་ནི་རི་འཛེག་ལ་ཧ་ཅང་དགའ་པོ་ཡོད་མཁན་ཞིག་རེད། གང་དུ་རི་འཛེག་ཀྱང་གད་སྙིགས་བླུགས་པའི་འགྱིག་ཕད་ཅིག་ཁོང་གི་ལུས་པོ་ལས་བྲལ་མྱོང་མེད། ཁོང་གིས་རྒྱུན་དུ་སེམས་ཐག་གཙང་བཅད་ངང“རི་་འཛེག་ཞོར་དུ་རི་དེ་གཙང་མ་ཡོང་བ་བྱ་རྒྱུ་ཡིན”ཞེས་ཤོད་ཀྱི་ཡོད།

    ཁོར་ཡུག་སྲུང་སྐྱོང་ལ་དགའ་བའི་རི་འཛེག་པ་དེ་དག་ནི་བོད་ཀྱིས་ཉེ་བའི་ལོ་ཤས་རིང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་རྒྱུན་ཆད་མེད་པར་སྤེལ་བས། དམངས་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པའི་བསྡུས་རིས་ཙམ་མོ། རི་རྩེའི་ཁོར་ཡུག་སྲུང་སྐྱོང་ཐད་དམངས་ཁྲོད་རི་འཛེག་པ་དང་། རི་གནས་སའི་མང་ཚོགས། རི་འཛེག་དོ་དམ་སྡེ་ཚན་བཅས་དབར་མཉམ་ཤུགས་ཤིག་ཏུ་གྱུར་དང་འགྱུར་མུས་ལགས། འདི་ལོའི་ཟླ་ལྔ་པར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མི་དམངས་སྲིད་གཞུང་གིས་མཉམ་སྦྲེལ་ཐོག་སྒྲིག་འཛུགས་བྱས་པའི་ཇོ་མོ་གླང་མའི་བྱང་འདབས་སུ་གད་སྙིགས་གཙང་སེལ་གྱི་བྱེད་སྒོ་སྤེལ་རིང་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་པ་དང་། རི་མཐོའི་མཉམ་ལས། ཡུལ་དེ་གའི་ཞིང་འབྲོག་མང་ཚོགས་བཅས་ཀྱིས་སྒར་ས་ཆེན་པོ་ནས་སྒར་སར་བསྐྱོད་ལམ་བར་གྱི་གད་སྙིགས་གཙང་སེལ་གྱི་ལས་འགན་བསྒྲུབས་པ་རེད།

    ཐོ་འགོད་བྱེད་བཞིན་པའི་བོད་ལྗོངས་ཧི་མ་ལ་ཡ་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ནི་དམངས་ཁྲོད་དང་གཞུང་ཕྱོགས་ཀྱིས་མཉམ་དུ་གྲོས་འགོ་བཏོན་པ་ཞིག་རེད། བོད་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེབས་རྩ་ལྷན་ཚོགས་འཛུགས་པའི་བསམ་བཀོད་བཏོན་མ་ཐག་སྤྱི་ཚོགས་ལས་རིགས་ཁག་གི་རི་འཛེག་པར་དགའ་བའི་མིས་ཚུར་སྣང་ལན་ཆ་དྲག་པོ་བྱུང་སྟེ། མིག་སྔར་མ་དངུལ་སྒོར་ཁྲི་300ལྷག་ཙམ་གྲབས་གསོག་ཐུབ་ཡོད། ཞལ་འདེབས་བརྒྱབ་པའི་དངུལ་དག་ཧི་མ་ལ་ཡ་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ཐད་སྤྱོད་རྒྱུ་དང་ལྷག་དོན་དུ་ཡུལ་དེ་གའི་ཞིང་འབྲོག་མང་ཚོགས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་ནང་ཞུགས་པར་ཁྲིད་སྟོན་བྱས་ནས་འབབ་འཕར་ཡོང་བ་དང་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།