[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • མྱུར་ཚད་མགྱོགས་ལ་སྤེལ་ཤུགས་ཆེ་རུ་བཏང་བ།

    ​ བོད་ཀྱི་ས་ཁུལ་ཁག་གིས་གནད་དོན་དག་ཐེར་ལ་དམ་འཛིན་བྱས་ཏེ་ཁོར་ཡུག་སྤུས་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-13

    ཉིན་ཤས་བསྟུད་མའི་རིང་། རིགས་ཁག་གི་མངོན་གསལ་ཆེ་བའི་ཁོར་ཡུག་གནད་དོན་ལ་དམིགས་ཏེ་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་གིས་བཀོད་སྒྲིག་ཧུར་ཐག་དང་ཕྱོགས་བསྡུས་ཐོག་སྲིད་ཇུས་ལག་བསྟར་བྱས་ཏེ་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་དག་ཐེར་མྱུར་ཚད་དང་དག་ཐེར་བྱེད་ཤུགས་ཐོག་ནས་ལྟ་བཤེར་བྱེད་ཞོར་དུ་དག་ཐེར་བྱེད་པའི་ལས་དོན་ལ་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གློག་འཛུགས་ཁུལ་ཆུང་གི་ཁོར་ཡུག་བཙོག་ཟིང་ཞན་ཡིན་པ་དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཟོག་རོ་བསྡུ་རུབ་ས་ཚིགས་ཀྱི་འཛེར་སྒྲས་གྲོང་མི་སུན་པོ་བཟོས་པ། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་བྱེ་རྡོ་ར་བས་སྣོད་བཅུད་ལ་གཏོར་སྐྱོན་བཏང་བ་སོགས་ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་38བདེ་བླག་ངང་ཐག་གཅོད་བྱས་པས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་མང་ཚོགས་ཀྱིས“མཁའ་དམག་བཀོད་འདོམས་ལམ་གྱི་མིང་ལ་ཧྭ་ཤ་རྡོ་ཆས་ལས་སྣོན་བཟོ་གྲྭ་ཟེར་བའི་ཁེ་ལས་ཤིག་གིས་སྒྲིག་འགལ་ངང་གད་སྙིགས་མེར་བསྲེགས་ནས་མཁའ་རླུང་ལ་སྦགས་བཙོག་ཚབས་ཆེན་བཟོས་པའི་སྐོར”སྙན་སེང་ཞུས་ཡོད། དེར་བརྟེན་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ཁྲིམས་ལྟར་ཁེ་ལས་དེར《དག་ཐེར་གྱི་བཀའ་བཀོད་བརྡ་ཐོ》བཏང་ནས་དངུལ་ཆད་སྒོར་2000བཏང་བའི་ཁར། འཕྲལ་དུ་གད་སྙིགས་མེར་སྲེག་མཚམས་འཇོག་པ་དང་འབྲེལ་དུས་བཀག་ནང་གཙང་སེལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མིག་སྔར་ཁེ་ལས་འདིས་དག་ཐེར་བྱས་ཟིན།

    ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དུ་མང་ཚོགས་ཀྱིས་སྙན་སེང་ཞུས་པའི“རྒྱལ་ལམ་318ཀྱི་ལམ་འགྲམ་ལ་གློག་སྒྱུར་ས་ཚིགས་ཤིག་སྐྲུན་སྐབས་སྣོད་བཅུད་ལ་གཏོར་སྐྱོན་བཏང་ནས་སླར་གསོ་མ་བྱས་པའི”གནད་དོན་ལ་དམིགས་ཏེ་སྨར་ཁམས་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་དང་སྒྲིག་ཁྲིམས་ལྟར་འཛུགས་སྐྲུན་ཚན་པར་དངུལ་ཆད་སྒོར་18900བཏང་བ་དང་འབྲེལ་སྔོ་ཁེབས་སླར་གསོའི་ཇུས་གཞི་བཟོ་རུ་བཅུག་ནས་དུས་བཀག་ནང་ས་ཁོད་སྙོམས་པ་དང་རྩྭ་སོན་འདེབས་པ་སོགས་སྔོ་ཁེབས་སླར་གསོའི་ལས་དོན་སྤེལ་དུ་བཅུག་པ་རེད། སྣོད་བཅུད་སླར་གསོའི་བརྒྱུད་རིམ་མིག་མཐོང་ལག་ཟིན་བྱུང་བའི་མང་ཚོགས་སྒྲོལ་མ་ཚེ་རིང་གིས་བློ་ཡིད་ཚིམ་པོས“གཏོར་སྐྱོན་ཐེབས་པའི་ས་ཆར་རྩྭ་སོན་བཏབ་འདུག་པས་རྨ་ཁ་གསོས་པ་ལྟར་སང་ལོར་སླར་ཡང་སྔོ་ལྗང་ཅན་དུ་འགྱུར་རྒྱུ་རེད”ཅེས་བཤད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སེམས་ཀྱི་ཉི་ཟླ་སྤྱི་བདེའི་བདེ་སྡོད་ཁང་གིས་ཆོག་མཆན་མེད་པར་རང་དགར་ས་འོག་ཆུ་འཐེན་ནས་ཆུའི་ཐོན་ཁུངས་ལ་གཏོར་སྐྱོན་བཏང་བ་དང་སྦགས་བཙོག་བཟོས་པའི་གནད་དོན་ལ་དམིགས་ཏེ་བསམ་གྲུབ་རྩེ་ཆུས་ཀྱིས་ས་འོག་ཆུར་དཔེ་ལེན་བརྟག་དཔྱད་བྱས་པ་དང་འབྲེལ་ཁུལ་ཆུང་གི་ཁྲོན་པ་ཁ་བཀག་པ་དང་ཆུའི་ཐོན་ཁུངས་ཀྱི་དངུལ་སྐྱེལ་དགོས་པའི་བཀའ་བཏང་བ་རེད། མིག་སྔར་ཁུལ་ཆུང་དེས་ཆུ་ཀ་ལ་ཀུང་སི་དང་འབྲེལ་མཐུད་བྱས་ཏེ་ཨར་སྐྲུན་ཚན་པར་དུད་ཚང་གི་ཆུ་མདོང་ཉམས་བཟོ་དང་གྲོང་ཁྱེར་གྱི་ཆུ་འདྲེན་མདོང་ལམ་དང་མཐུད་རྒྱུའི་མངག་བཅོལ་བྱས་ནས་ཁུལ་ཆུང་གི་གྲོང་མི་རྣམས་ཆུ་སྤྱོད་ཐུབ་པ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།