[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱི་སྡེ་ཚན་ཁག་གིས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-12

    ཉིན་ཤས་རིང་། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ལ་གཞིགས་ནས་འགན་འཁྲི་གཙང་སྒྲུབ་དང་གནད་དོན་ལ་དམ་འཛིན་ནན་པོས་དག་ཐེར་བྱས་པས། རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤུགས་ཆེན་ཞིག་ཆགས་ཡོད་པ་རེད།

    ཚོང་དོན་ཐིང་། གོ་སྐབས་དང་བསྟུན་ནས་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་ཐག་གཅོད་བྱས་པ།

    རང་སྐྱོང་ལྗོངས་དངོས་ཟོག་ཚུར་བསྡུ་དང་བསྐྱར་སྐྱེས་བེད་སྤྱོད་ཀུང་སིའི་གཞུང་ལས་ཐོག་བརྩེགས་ཁང་ཆེན་གྱི་རྒྱབ་ཏུ་རླངས་འཁོར་རྙིང་པའི་སྒྲོམ་གཞི་དང་གད་སྙིགས་འབོར་ཆེན་བསགས་ཡོད་པ་དེ་འགན་གཙང་དང་བོགས་མར་ལེན་མཁན་མི་མང་པོ་དང་འབྲེལ་བ་ཡོད་ཅིང་། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་ཡོད་ལ་དུས་ཡུན་རིང་པོའི་ནང་ཐག་གཅོད་ནུས་ལྡན་ཐུབ་མེད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་གྱོད་གཞི་འབྱོར་རྗེས་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་ནས་འཕྲལ་མ་ཉིད་དུ་གནས་ཚུལ་བདེན་མིན་ཞིབ་དཔྱད་དང་། འཕྲལ་མ་ཉིད་དུ་དག་ཐེར་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། ཉིན་བདུན་བསྟུད་མར་མི་ཐེངས་60ལྷག་ཙམ་སྒྲིག་འཛུགས་བྱས་ནས་གད་སྙིགས་འཇོག་ཡུལ་དུ་གནས་སྡོད་སྒྲུབ་གཉེར་བྱས་པ་དང་། ཉིན་བདུན་རིང་གད་སྙིགས་གཙང་བཟོ་དབོར་འདྲེན་ལས་དོན་ལེགས་སྒྲུབ་བྱས་པ། བེད་མེད་དངོས་ཟོག་ཏུན་5000ལྷག་ཙམ་གཙང་བཟོ་དབོར་འདྲེན་བྱས་པ། གཙང་བཟོ་དབོར་འདྲེན་བྱེད་ཚད་སྨི་ངོས་གྲུ་12000ལྷག་ཙམ་ཟིན་ནས་དུས་ཡུན་རིང་པོའི་ནང་ཉེ་འཁོར་གྱི་གྲོང་མིའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་ཐག་གཅོད་ཐུབ་ནས་མང་ཚོགས་ཀྱི་དོ་ཁུར་ལ་ལན་བསློགས་པ་རེད།

    ནགས་ལས་ཐིང་། ལྟ་བཤེར་བྱེད་ཞོར་དུ་དག་ཐེར་བྱེད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་རྩིས་སྤྲད་པའི“མངའ་རིས་ས་ཁུལ་རུ་ཐོག་རྫོང་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་དུ་སྣོད་བཅུད་ལ་གཏོར་སྐྱོན་ཕོག་པའི”གནད་དོན་འབྱོར་རྗེས་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྟ་བཤེར་བྱེད་ཞོར་དུ་དག་ཐེར་ལ་ཤུགས་སྣོན་བརྒྱབ་ནས་འཕྲལ་མ་ཉིད་དུ་བདེན་མིན་བརྟག་དཔྱད་བྱས་པ་དང་འབྲེལ། འཕྲད་མ་ཉིད་དུ་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཐིང་དང་མངའ་རིས་ས་ཁུལ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དག་ཐེར་བྱ་ཐབས་དང་སྒྲུབ་གཉེར་བསམ་འཆར་ཞིབ་འཇུག་བྱས་ནས་བཟོས་པ་དང་སྦྲགས། མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་དག་ཐེར་བྱ་ཐབས་དུས་ཚོད་དམ་འཛིན་གྱིས་དོན་འཁྱོལ་བྱེད་དགོས་པའི་བཀའ་བཏང་བ་རེད། མིག་སྔར་དེ་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་ཐོན་སྐྱེད་ལས་མཚམས་བཞག་པ་དང་། ཁོར་ཡུག་སྲུང་སྐྱོང་པུའུ་སོགས་པུའུ་ཨུད་བཅུ་ཡི《རང་བྱུང་སྲུང་སྐྱོང་ཁུལ་གསར་སྤེལ་འཛུགས་སྐྲུན་དང་འབྲེལ་བ་ཡོད་པའི་བྱེད་སྒོར་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་། དག་ཐེར་བྱ་ཐབས་ཚང་མ་དོན་འཁྱོལ་བྱས་པ་རེད།

    སྤྱི་བདེ་ཐིང་། འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་སྦགས་བཙོག་ལ་ཆེད་དོན་བཅོས་སྒྲིག་ཧུར་ཐག་བྱས་པ།

    འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་སྦགས་བཙོག་གི་ཆེད་དོན་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས《བོད་རང་སྐྱོང་ལྗོངས་ཀྱི་འཕྲུལ་སྒུལ་་འཁོར་རིགས་ཀྱི་མཇུག་རླངས་སྦགས་བཙོག་གི་ཆེད་དོན་བཅོས་སྒྲིག་ཇུས་གཞི》བཟོས་ཏེ་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་སྦགས་བཙོག་གི་ཆེད་དོན་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད། མིག་སྔའི་བར། འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་བཤེར་སྒྲིག་གཞི་14ལ་ཞིབ་བཤེར་བྱས་པ་དང་། གནད་དོན་ཡོད་པའི་སྒྲིག་གཞི་5ཤེས་པ། སྒྲིག་གཞི་4ལ་དུས་བཀག་ལྟར་དག་ཐེར་བྱེད་དགོས་པའི་བརྡ་ཐོ་བཏང་བ། འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ལས་སྒོའི་སྒྲིག་གཞི་1ལ་ལས་མཚམས་འཇོག་དགོས་པའི་བཀའ་བཏང་བ་རེད། ལམ་དུ“དུ་བ་ནག་པོ་འཕྱུར་བའི”འཁོར་རིགས་ལ་མཉམ་འབྲེལ་ཐོག་ཁྲིམས་འཛིན་ཞིབ་བཤེར་བྱས་ནས“དུ་བ་ནག་པོ་འཕྱུར་བའི”འཕྲུལ་སྒུལ་འཁོར་རིགས་ཁྱོན་293དང་མཇུག་རླངས་ཚད་བརྒལ་བའི་འཕྲུལ་སྒུལ་འཁོར་རིགས་225ལ་ཞིབ་བཤེར་བྱས་པ་རེད། སེར་རྟགས་རླངས་འཁོར་དང་རླངས་འཁོར་རྙིང་པ་མེད་པར་བཟོ་བའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རིམ་རྩིས་ལྟར་ན། སེར་རྟགས་རླངས་འཁོར་14129མེད་པར་བཟོས་པ་རེད།

    བདེ་འཇགས་ལྟ་སྐུལ་དོ་དམ་ཅུས། གཏེར་སྙིགས་གསོག་སའི་ཁོར་ཡུག་སྲུང་སྐྱོང་བདེ་འཇགས་ཞིབ་བཤེར་ཆེན་པོ་བྱས་པ།

    གཏེར་སྙིགས་གསོག་སའི་ཁོར་ཡུག་སྲུང་སྐྱོང་བདེ་འཇགས་ལྟ་སྐུལ་དོ་དམ་སྔར་བས་བྱེད་ཤུགས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་མྱུར་དུ་ཞིབ་བཤེར་དང་། མངོན་ཞིབ་ལྐོག་འདྲི། སླར་ཡར་ཞིབ་བཤེར། རེས་མོས་ཞིབ་བཤེར་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་ནས་ལྷ་ས་གྲོང་ཁྱེར་དང་ནག་ཆུ་ས་ཁུལ་གྱི་གཏེར་སྙིགས་གསོག་སར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། འབྲེལ་ཡོད་ཁེ་ལས་ཀྱི་ལས་རེས་ལས་སྲུང་དང་། སྒྲིག་སྲོལ་ལམ་ལུགས། འཕྲལ་སྡོམ་བྱ་ཐབས། དངོས་ཟོག་གྲ་སྒྲིག ཆུ་གཤོང་བདེ་འཇགས་སྒྲིག་བཀོད། གཏེར་སྙིགས་གསོག་ས་སོགས་ལ་ཞིབ་བཤེར་བྱས་པ་རེད། ཁྱོན་ཁེ་ལས་18ལ་ཞིབ་བཤེར་བྱས་པས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཁག་40ཤེས་པ་དང་དག་ཐེར་བསམ་འཆར་ཁག་གསུམ་གཤམ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།