[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ཞག་སྡོད།
  • ཡུལ་བོད་དམག་གི་བོད་ཁྱིམ་སྤྲོ་ཁང་གི་ཚོང་ཡག་པོ་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-08

    མན་དབྱང་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཡུལ་བོད་དམག་གི་ཝང་ལང་རི་ལྡེབས་ཀྱི་ནགས་ཚལ་ཁ་བའི་འདབ་མས་གཡོགས་ནས་དཀར་པོའི་འཇིག་རྟེན་གྱི“བྱང་ཕྱོགས་རྒྱལ་ཁམས་ཀྱི་ཉམས་བཟང”ཞིག་མངོན། གསར་འགོད་པས་ཡུལ་བོད་དམག་གི་ཝང་ལང་མཛེས་ལྗོངས་ཁུལ་གྱི་གང་སར་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བ་དང་ཤིང་རྩེར་ཡང་ཁ་བས་བཀླུབས་ནས་ཉི་འོད་ཁྲོད་མུ་ཏིག་བཞིན་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། རི་བོའི་མུ་ཁྱུད་དང་། ནགས་ཚལ། བགྲོད་ལམ། གྲོང་སྡེ་སོགས་ཡོད་དོ་ཅོག་དཀར་ཞིང་གཙང་བའི་གངས་མཐུག་པོས་བཀླུབས་པའི་ཁྲོད་ཡུལ་སྐོར་བ་ཚོས་གངས་མི་བཟོ་བ་དང་། གངས་དམག་བརྒྱབ་ནས་དགའ་བས་མྱོས་པའི་དགོད་སྒྲ་གྲགས་པ་དང་ཆབས་ཅིག་ལྕུག་ཕྲན་སྟེང་གི་ཁ་བའི་འདབ་མའང་དལ་གྱིས་ལྷུང་བཞིན་པ་མཐོང་བྱུང་།

    ན་ནིང་ནམ་དུས་དེའི་སྐབས་ཕིང་ཝུའི་བོད་དམག་གྲོང་སྡེའི་བོད་རིགས་ཚོས་བོད་ཁྱིམ་སྤྲོ་སྐྱིད་ཁང་གི་སྒོ་བཙན་པོར་བརྒྱབ་ནས། གྲང་ངར་འགོག་ཆེད་ས་བབ་དམའ་བའི་ཕིང་ཝུའུ་རྫོང་གྲོང་དུ་སྡོད་ཀྱི་ཡོད། འོན་ཀྱང་འདི་ལོ་སྔར་རྒྱུན་དང་མི་མཚུངས་པར་ཡུལ་བོད་དམག་གྲོང་སྡེའི་བོད་ཁྱིམ་སྤྲོ་སྐྱིད་ཁང་མང་པོས་གྲང་ངར་ཆེ་བའི་དགུན་དུས་སུའང་སྐུ་མགྲོན་ལ་བསུ་བ་ཞུས་ཏེ་ལོ་གསར་པའི་གངས་ཐོག་མའི་མཚན་རྟགས་བཟང་པོ་མྱོང་བཞིན་ཡོད། “སྔོན་མ་དགུན་ཁ་འཆར་ཉེའི་སྐབས། ཝང་ལང་མཛེས་ལྗོངས་ཁུལ་སྒོ་བརྒྱབ་ནས་ནགས་རྒྱ་བསྡམས་པ་དང་། འདི་གའི་བོད་ཁྱིམ་སྤྲོ་སྐྱིད་ཁང་ཡང་མཉམ་དུ་ངལ་གསོ་བརྒྱབ་སྟེ་རི་གཤམ་གྱི་རྫོང་མཁར་དུ་འགྲོ་ཡི་ཡོད། འདི་ལོའི་དགུན་ཁར་ཝང་ལང་མཛེས་ལྗོངས་ཁུལ་གྱིས་ལས་གཉེར་བྱས་ནས་དགུན་དུས་འཁྱག་ཤུད་ཡུལ་སྐོར་གཉེར་བ་དེས་ཡུལ་བོད་དམག་གི་བོད་ཁྱིམ་སྤྲོ་སྐྱིད་ཁང་ལ་ཚོང་གི་གོ་སྐབས་མཐོང་སྟེ་མུ་མཐུད་ལས་གཉེར་བྱས་སྟབས། ལོ་གོང་མ་ལས་བོད་ཁྱིམ་སྤྲོ་སྐྱིད་ཁང་ལ་དགུན་དུས་ཀྱི་ཡོང་སྒོ་འཕར་མ་ཞིག་ཡོང་རྒྱུ་རེད”ཅེས་ཝང་ལང་མཛེས་ལྗོངས་ཁུལ་གྱི་ལས་དོན་པ་ཞིག་གིས་ཡུལ་བོད་དམག་གྲོང་སྡེའི་བོད་ཁྱིམ་སྤྲོ་སྐྱིད་ཁང་གིས་ཚོང་གཉེར་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་དགུན་ཁར་ཡང་ལས་གཉེར་བྱེད་པའི་གསང་བ་ཆུང་ཆུང་ཞིག་བཤད། ཁོང་གིས“རྒྱལ་སྟོན་རིང་། ང་ཚོ་གྲོང་གསེབ་ཀྱི་མགྲོན་ཁང་སྔོན་ནས་མངགས་པ་དང་ཞག་སྡོད་བྱེད་ཚད་སྣེ་ལེན་ཐུབ་ནུས་ལས་བརྒལ་ཏེ་དུས་ཐུང་ཉིན་འགའི་ནང་ཡོང་འབབ་སྒོར་ཁྲི་བཅུ་ལྷག་ཟིན་པས་ཡོང་འབབ་མང་བའི‘རྒྱལ་སྟོན་ངལ་གསོ་ཞིག’ཡིན་ཞེས་བརྗོད་ཆོག”ཅེས་བཤད། བོད་ཁྱིམ་སྤྲོ་སྐྱིད་ཁང་གི་སྦྱིན་བདག་དགའ་ཉི་མཚོས“ད་ཆ་ཡུལ་བོད་དམག་གྲོང་སྡེའི་བོད་ཁྱིམ་སྤྲོ་སྐྱིད་ཁང་གི་ཁྱིམ་བདག་ཕལ་མོ་ཆེས་ཝང་ལང་མཛེས་ལྗོངས་ཁུལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ཡོད། བྱེད་སྟངས་འདི་འདྲ་ཡུལ་སྐོར་དབུལ་སྐྱོར་གྱི་དཔེ་བལྟ་ས་ཞིག་ཏུ་གྱུར་ནས་གཉེར་སྐྱོང་ཁྱབ་ཁོངས་རང་ཤུགས་ཀྱིས་ཝང་ལང་མཛེས་ལྗོངས་ཁུལ་ལ་ཁྱབ་ནས་ལས་གཉེར་བྱེད་དང་བྱེད་བཞིན་ཡོད”“དགུན་ཁའི་གངས་འཁྱག་གིས་བོད་དམག་ཁུལ་གྱི་ཝང་ལང་དུ་ཡུལ་སྐོར་བྱེད་པར་ཡོང་མཁན་རྣམས་ལ་ཚོར་སྣང་གསར་པ་ཞིག་སྦྱིན་པ་དང་ཆབས་ཅིག་བོད་ཁྱིམ་སྤྲོ་སྐྱིད་ཁང་གི་ཡོང་སྒོའང་མང་དུ་སོང་ནས་གཅིག་གོ་ཉིས་ཆོད་བྱུང་ཡོད”ཅེས་དགའ་སྤྲོའི་ངང་གསར་འགོད་པར་བཤད། ཁོང་གིས“ཞབས་ཞུ་དང་སྤུས་ཚད་ནས་ཡར་རྒྱས་བཏང་སྟེ་ཡུལ་མི་རྣམས་ལ་སྣེ་ཁྲིད་དཔེ་སྟོན་ཡག་པོ་ཞིག་བྱ་རྩིས་ཡོད”ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་བོད་དམག་ཁུལ་གྱི་ཝང་ལང་ལ་གངས་འབབ་པའི་དུས་ཚོད་ཅུང་རིང་ཙམ་ཡོད། ལོ་ལྟར་གྱི་ཟླ་བཅུ་གཅིག་པ་ནས་ཕྱི་ལོའི་ཟླ་ལྔ་པ་བར་ཡིན། དེའི་རིང་ཡུལ་སྐོར་བས་བརྗིད་ཉམས་ལྡན་པའི་གངས་རི་དང་། ནགས་ཚལ། རྦབ་ཆུ་སོགས་རང་བྱུང་མཛེས་ལྗོངས་ལ་ལྟ་ཐུབ། ད་ཆ་ཡུལ་བོད་དམག་གི་ཝང་ལང་མཛེས་ལྗོངས་ཁུལ་གྱིས་སྔ་སྣུར་ནས་འདི་ལོའི་དགུན་དུས་ལས་གཉེར་གྱི་གྲ་སྒྲིག་ཁག་ལེགས་པར་བསྒྲུབས་ཟིན་ཏེ“བོད་དམག་གི་ཝང་ལང་གངས་འཁྱག་ཡུལ་སྐོར”གྱི་དགུན་དུས་ཡུལ་སྐོར་རྣམ་གྲངས་གཉེར་ནས་ཡུལ་སྐོར་བ་མང་པོར་ཡུལ་བོད་དམག་ཝང་ལང་གི་གངས་འཁྱག་མཛེས་ལྗོངས་ཀྱི་ཡིད་དབང་འཕྲོག་པ་དང་། ཝང་ལང་མཛེས་ལྗོངས་ཁུལ་གྱིས་ཀྱང་སྒོ་འཛིན་རིན་གོང་གཅོག་པ་སོགས་ཀྱི་བྱེད་ཐབས་མང་པོ་བཏོན་ནས་མགྲོན་པོར་སྣེ་ལེན་ཞུས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།