[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • ཁྲོན་བོད་གཞུང་ལམ་སྤོ་བོ་དུམ་བུར་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཆེན་པོ་ཕོག་ནས་འགྲོ་ལམ་ཆད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-13

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་ཁྲོན་བོད་གཞུང་ལམ་བོད་ལྗོངས་སྤོ་བོ་དུམ་བུའི་གསོ་ཐང་གྲོང་ཚོའི་ཉེ་འགྲམ་དུ་ཚེས་11ཉིན་གྱི་ཐོ་རེངས་ཆུ་ཚོད་3པར་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པ་དང་། ཚོད་རྩིས་རགས་ཙམ་བྱས་ན། ལམ་རྡིབ་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2ལྷག་ཙམ་ཟིན་པ་དང་། ལམ་རྨང་སྨི་200ཙམ་ལ་ཁྱབ་པ། ལམ་རྨང་སྨི་60རྡིབ་པ་བཅས་ལས་འགྲོ་ལམ་ཆད་ཡོད་པ་རེད། ལམ་དུམ་དེ་ལ་སྤོ་བོ་རྫོང་དང་བར་ཐག་སྤྱི་ལེ་53ཙམ་ཡོད་པ་དང་། མིག་སྔར་མི་འཆི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད།

    སྤོ་བོ་རྫོང་སྲིད་གཞུང་གིས་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་ནས་ལམ་དུམ་དེ་མྱུར་བཟོ་ཐུབ་པར་སྔོན་རྩིས་བྱས་ན་ཉིན་གཉིས་འགོར་བ་དང་ས་གནས་དེ་གའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལམ་རྒྱུད་དུ་འགྲིམ་འགྲུལ་གཅུན་འདོམས་བྱེད་བཞིན་ཡོད་པས་རྒྱ་ཆེའི་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཁ་ལོ་བས་ལུགས་མཐུན་ངང་ཕྱིར་སྐྱོད་དུས་ཚོད་དང་ཕྱིར་སྐྱོད་འཆར་གཞི་བཟོ་རྒྱུའི་དྲན་སྐུལ་བྱས་ཡོད་ཅེས་བཤད་པ་རེད།

    གནོད་འཚེ་ཐོན་རྗེས་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པའི་དཔོན་དམག་མགྱོགས་མྱུར་ས་གནས་ས་ཐོག་ཏུ་སྐྱོབ་རོགས་ལ་བསྐྱོད་དེ་མྱུར་བཟོའི་ལས་དོན་སྤེལ་བ་རེད། འགྲིམ་འགྲུལ་སྡེ་ཚན་གྱིས། ཉེ་ཆར་ཁྲོན་བོད་གཞུང་ལམ་ལམ་རྒྱུད་དུ་རྒྱུན་མཐུད་ཆར་པ་ཆེན་པོ་བབས་པས་ས་གཤིས་ཀྱི་གནོད་འཚེ་སྣ་ཚོགས་ཡང་ཡང་ཐོན་པས་སྒེར་འཁོར་བཏང་ནས་ཁྲོན་བོད་གཞུང་ལམ་བརྒྱུད་བོད་དུ་ཡོང་མཁན་ཡུལ་སྐོར་བ་དང་ཕྱིར་སྐྱོད་མི་སྣས་ངེས་པར་དུ་དོགས་ཟོན་ཆེན་པོ་བྱེད་དགོས་ལ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་འགྲོ་ལམ་འགྲིམ་འགྲུལ་ཆ་འཕྲིན་དང་གནམ་གཤིས་ཆ་འཕྲིན་ལ་དོ་ཁུར་བྱས་ཏེ་ས་རྡོ་རྙིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེར་དོགས་ཟོན་བྱས་ནས་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། གལ་སྲིད་ས་གཤིས་ཀྱི་གནོད་འཚེ་འཕྲད་ཚེ་དྲག་ཆས་དཔོན་དམག་གིས་ལམ་རྒྱུད་དུ་ཡོངས་བསྒྲགས་བྱས་པའི་ཉེན་བརྡའི་ཁ་པར་བརྒྱབ་ཆོག་པའི་དྲན་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།