[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷ་ས་གྲོང་ཁྱེར་གྱིས་རྒྱུན་མཐུད་ཤུགས་བརྒྱབ་ནས་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-29

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ནས་ཤེས་རྟོཌ་བྱུང་བར། 2019ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ལྷ་ས་གྲོང་ཁྱེར་གྱི་ལྟ་ཞིབ་ཚད་ལེན་ནུས་ལྡན་བྱས་པའི་ཉིན་གྲངས་334ཟིན་པའི་ཁྲོད། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཧ་ཅང་ལེགས་པའི་ཉིན་གྲངས་171དང་ལེགས་པའི་ཉིན་གྲངས་162ཟིན་ནས་ལེགས་ཚད་99.7%ཟིན་ཡོད། རྒྱལ་ཁབ་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་པའི་བཅད་ངོས་7གྱི་ཆུ་སྤུས《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད》ཀྱི་ཚད་གཞི་Ⅲལོན་པའམ་ཡང་ན་དེ་ལས་བརྒལ་ནས་ཚད་ལོན་ཚད་100%ཟིན་པ་དང་། གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་4ཡི་ཆུ་སྤུས་ཚད་གཞི་ལོན་ཚད་100%ཟིན་ཞིང་། གྲོང་ཁྱེར་ནང་ཁུལ་ཆུ་རྒྱུད་ཀྱི་ཆུ་སྤུས་རྒྱུན་མཐུད་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    དགུང་སྔོན་སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་པ། ལྷ་ས་གྲོང་ཁྱེར་གྱིས་རྡོ་སོལ་ཁྲོ་ཐབ་མེད་པར་བཟོ་བའི་བཅོས་སྒྲིག་ལས་དོན་རྒྱུན་མཐུད་སྤེལ་བས། གྲོང་ཁྱེར་ཡོངས་སུ་རྡོ་སོལ་ཁྲོ་ཐབ་ཀྱི་སྒྲིག་འགལ་འཛུགས་སྐྲུན་རྣམ་གྲངས་གསར་པ་གཅིག་ཀྱང་མེད་པ་དང་། སེར་རྟགས་རླངས་འཁོར་དང་དེ་བཞིན་རླངས་འཁོར་རྙིང་གྲས་མེད་པར་བཟོ་ཤུགས་ཆེ་རུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་ཁྲའེ་སྣུམ་རླངས་འཁོར་གྱི་འཕར་ཚད་གང་མགྱོགས་ཉུང་དུ་གཏོང་བའི་ཚོད་ལྟ་འཁོར་སྐྱོད་ཀྱི་ཚད་ལེན་ལས་དོན་སྤེལ་བ་དང་སྦྲགས། ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་བཙོག་འབུད་ལྟ་སྐུལ་ཚོད་འཛིན་ལས་སྟེགས་བཙུགས་ནས་བེད་སྤྱོད་གཏོང་འགོ་ཚུགས་ཡོད། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་422བེད་སྤྱོད་བྱས་པ་དང་། ད་ཡོད་ཀྱི་བདལ་གཏོང་རླངས་འཁོར་1670ཚང་མ་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་རིགས་ཀྱི་འཁོར་རིགས་ཡིན་ཞིང་། གྲོང་ཁྱེར་ཡོངས་ཀྱིས་མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་40423.4དང་རི་བཀག་ནགས་གསོ་མུའུ་61800བྱས་པར་གསོན་ཚད་85%ཡན་ཟིན་པ་དང་། “ལྗོན་ཤིང་མེད་པའི་གྲོང་ཚོ་དང་དུད་ཚང”མེད་པར་བཟོ་བའི་ལས་དོན་སོགས་སྲ་བརྟན་དུ་བཏང་བ་རེད།

    ཆུ་དྭངས་སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་པ། ལྷ་ས་གྲོང་ཁྱེར་གྱིས་ཟླ་རེར་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་4ལ་འཆར་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད་པ་དང་། ལྟ་ཞིབ་ཚད་ལེན་བྱས་འབྲས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲ་ཚིགས་སུ་དུས་བཀག་ཏུ་ཡོངས་བསྒྲགས་བྱེད་ཀྱི་ཡོད། ཆུ(མཚོ)དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་རང་དགར་བཟུང་བ་དང་། རང་དགར་སྐྲུན་པ། རང་དགར་སྔོག་པ། རང་དགར་སྤུངས་པ་སོགས་ཀྱི་ཆུ་དང་མཚེའུ་ཡི་གནད་དོན་མངོན་གསལ་དོད་རིགས་ལ་དམིགས་ནས། “རང་དགར་བཞི་གཙང་སེལ”གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ། གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་དང་། རྫོང་དང་ཆུས་8 དཔལ་འབྱོར་ཕན་ནུས་གླིང་4བཅས་སྒྲིག་འཛུགས་བྱས་ནས། “ལྷ་སའི་མི་ཁྲིས་ཆུ་བོ་སྲུང་སྐྱོང་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ཏེ། ཆུ་དང་མཚེའུ་ཡི་རྒྱུན་གཏན་གྱི་ཆུའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།

    ས་གཙང་སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་པ། ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་ལས་རིགས་དང་ཁེ་ལས་ཀྱི་ས་ཆ་བེད་སྤྱོད་གནས་ཚུལ་ལ་བརྟག་ཞིབ་ལས་དོན་སྤེལ་ནས། བཟོ་གཏེར་ཁེ་ལས་19ཡི་སྦགས་བཙོག་འབྱུང་ཁུངས་དང་ལོ་རྒྱུས་ཐོག་བཅོས་སྒྲིག་མ་ཐུབ་པར་ལུས་པའི་སྦགས་བཙོག་འབྱུང་སའི་ལས་རིགས་དང་ཁེ་ལས་གཙོ་གནད་ཀྱིས་སྤྱད་པའི་ས་ཆ་དངོས་ལ་བརྟག་ཞིབ་དང་ཆ་འཕྲིན་འཚོལ་སྡུད་ལས་དོན་ལེགས་སྒྲུབ་བྱས་པས། གྲོང་ཁྱེར་དེ་ཡོངས་ཀྱི་ས་རྒྱུ་སྦགས་བཙོག་འབྱུང་སའི་གཙོ་གནད་ལས་རིགས་དང་ཁེ་ལས་ཀྱི་གསལ་ཐོ་གྲུབ་ཡོད་པ་དང་། གད་སྙིགས་རིགས་དབྱེའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།