[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྐྱ་ཐེར་བྱེ་ཐང་སྔོ་ལྗང་གཡུ་ཡིས་བརྒྱན། ལྗོན་ཤིང་འདེབས་འཛུགས་ཡོང་འབབ་འབེལ་ལྷུག་ལྷུག

    —— གྲ་ནང་རྫོང་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི“སྣོད་བཅུད+དབུལ་སྐྱོར”གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-15

    གྲ་ནང་རྫོང་དེ་ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་ཆགས་པ་དང་བྱེ་སའི་ས་ཁྱོན་ཆེ་བས་དེ་སྔ་བྱེ་རླུང་འཚུབ་ཐེངས་རེར་དེ་གར་འཚོ་སྡོད་བྱེད་མཁན་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནོད་འཚེ་ཚབས་ཆེན་བཟོ་ཡི་ཡོད་པས་ཤིན་ཏུ་དབུལ་བའི་རྫོང་ཞིག་རེད།

    ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་ནས་དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་པ་བྱ་ཆེད། གྲ་ནང་རྫོང་གིས་ཡུལ་བབ་དང་བསྟུན་ནས“སྣོད་བཅུད+དབུལ་སྐྱོར”གྱི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་མུའུ་ཁྲི་ཡི་སྐྱེ་དངོས་མྱུག་སོན་གསོ་སྤེལ་རྟེན་གཞི་དང་། དབྱི་ལི་ལྷོ་ཁའི་བྱེ་ཐང་དཔལ་འབྱོར་དབུལ་སྐྱོར་རྣམ་གྲངས། ཤིས་ཕུའུ་ནུས་ཆེའི་ཞིང་ལས་ཐོན་ལས་གླིང་སོགས་བསྐྲུན་ཏེ་ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས་བྱེ་འགོག་ནགས་གསོ་དང་དབུལ་སྐྱོར་རོགས་རམ་གཉིས་ཀ་ཐུབ་ཡོད།

    2017ལོའི་ཟླ་3པར་ཀྲུང་གོ་རྡོ་ཐ་སྤྱི་ཁྱབ་ཀུང་སིའི་གནས་གཏན་འཁེལ་གྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཏེ་བོད་ཀྱི་མུའུ་ཁྲི་ཡི་སྐྱེ་དངོས་མྱུག་སོན་གསོ་སྤེལ་རྟེན་གཞི་གྲ་ནང་རྫོང་རྔ་སྒྲ་ཤང་དུ་ལག་བསྟར་བྱས་པ་རེད། ལོ་གཉིས་ལྷག་ཙམ་རིང་། ཚན་རྩལ་དབུལ་སྐྱོར་གྱི་མྱུག་སོན་ཚན་ཞིབ་ཁུལ་དང་། ཚན་རྩལ་དབུལ་སྐྱོར་གྱི་མྱུག་སོན་དཔེ་སྟོན་ཁུལ། སྣོད་བཅུད་སླར་གསོ་དཔེ་སྟོན་ཁུལ་བཅས་ཁུལ་ཆེ་གྲས་གསུམ་སྔ་རྗེས་སུ་བསྐྲུན་པ་དེའི་ནང་མྱུག་གསོ་ཁང་དང་། སོན་བཟང་ལས་སྣོན་འཁོར་ཁང་། སོན་སྤུས་ཐོན་ཁུངས་ཁང་། བོད་ཀྱི་སྐྱེ་དངོས་རྟེན་རྫས་བཤམས་མཛོད་ཁང་བཅས་ཚུད་པའི་སྒྲིག་བཀོད་ཁག་ཀྱང་རིམ་གྱིས་སྤྱོད་འགོ་ཚུགས་ཡོད།

    ཚན་ཞིབ་ལ་བརྟེན་ནས་རི་སྐྱེས་རྩི་ཤིང་དྲོད་ཁང་དུ་འདེབས་པ་དང་། ཚན་རིག་དང་མཐུན་པའི་ངང་སོན་བཟང་འདྲེན་འཛུགས། སྣོད་བཅུད་སླར་གསོ། དབུལ་སྐྱོར་འབབ་འཕར་བཅས་གཞི་གཅིག་ཏུ་འདུས་པའི་སྣོད་བཅུད་རྟེན་གཞི་ཞིག་ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་ཉིན་རེ་བཞིན་སྟོབས་ཆེར་འགྲོ་བཞིན་ཡོད། མིག་སྔའི་བར། རྟེན་གཞི་དེས་ཚན་རྩལ་འདེབས་གསོ་དང་གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད། རིམ་རྩིས་བྱས་ན་རྒྱུན་ལྗང་སྡོང་རིང་ལྗོན་ཤིང་དང་། ལོ་སྐྱུར་སྡོང་རིང་ལྗོན་ཤིང་། འབྲས་ཤིང་། སྡོང་ཕྲན་བཅས་དང་། ཚན་རིག་ཁྱབ་གདལ་རིགས་ཀྱི་དྲོད་ཁང་གི་ཚ་ཁུལ་སྡོང་ཕྲུག་བཅས་ཁྱོན་སྡོང་རྐང་ཁྲི་251.94བཏབ་པས་བྱེ་ས་རིམ་བཞིན་སྔོ་ལྗང་གི་ས་གཞིར་འགྱུར་འགོ་ཚུགས།

    བོད་ཀྱི་སྐྱེ་དངོས་རྟེན་གཞི་རྣམ་གྲངས་ལག་བསྟར་བྱས་ཚུན། རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་120ཡི་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་པ་དང་། ས་གནས་དེ་གའི་སློབ་ཆེན་སློབ་མ་5ལག་རྩལ་བ་དང་དཔྱད་གཞི་དོ་དམ་པར་བསྡུས་པ། ལོ་ལྟར་མི་700ཙམ་ལ་དུས་ཐུང་གླ་པའི་གོ་སྐབས་སྤྲད་པ། རྣམ་གྲངས་རྦད་དེ་མཇུག་འགྲིལ་རྗེས་ད་དུང་མི་200ལྷག་ཙམ་ལ་གཏན་འཇགས་ལས་ཀ་སྤྲོད་རྒྱུ་རེད།

    ཡར་ཀླུང་གཙང་པོའི་ངོགས་ཀྱི་སྣོད་བཅུད་ཐོན་ལས་དར་ཞིང་རྒྱས་པ་དང་བྱེ་བཅོས་ནགས་གསོ་ལས་ཡོང་འབབ་བྱུང་ནས་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་ལེགས་སུ་འགྲོ་བཞིན་ཡོད། བསམ་ཡས་གྲོང་རྡལ་དུ་དབྱི་ལི་ལྷོ་ཁའི་བྱེ་ཐང་དཔལ་འབྱོར་དབུལ་སྐྱོར་རྣམ་གྲངས་ཀྱིས་ཀྱང་བྱེ་འགོག་བྱེ་བཅོས་དང་། ནགས་གཉེར་སྔོ་འགྱུར། ཐོན་ལས་དབུལ་སྐྱོར། དཔལ་འབྱོར་སྐུལ་ཁྲིད་སོགས་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།

    དབྱི་ལི་དབུལ་སྐྱོར་གྲོང་གསར་གྱི་སྣོད་བཅུད་རྩལ་ནུས་གསོ་སྦྱོང་ཁང་དུ་སྐྱོད་སྐབས། གྲ་ནང་རྫོང་དཀྱིལ་རུ་ཤང་ནས་ཡུལ་གཞན་དུ་གནས་སྤོས་བྱས་པའི་བཀྲ་ཤིས་དབང་རྒྱལ་གྱིས་དབྱི་ལི་ཚོགས་པའི་ལག་རྩལ་བས་ཤུག་སོན་གསོ་སྤེལ་ལག་རྩལ་གྱི་འགྲེལ་བཤད་ལ་ནན་ཏན་ཉན་བཞིན་ཡོད། ཁོང་གིས“དབྱི་ལི་གྲོང་གསར་དུ་སྤོས་རྗེས་ང་ཚོར་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་མ་ཟད། ལག་རྩལ་བས་འདེབས་འཛུགས་ལག་རྩལ་ཡང་བསླབས་བྱུང་། ང་ཚོས་དུས་ཐོག་ཏུ་སློབ་སྦྱོང་དང་ལག་རྩལ་ཁོང་དུ་ཆུད་པར་བྱས་ཏེ་ཤིང་མང་ཙམ་བཏབ་ནས་གྲོང་ཚོའི་ཁོར་ཡུག་ལེགས་སུ་གཏོང་གི་ཡིན་ལ། གྲོང་ཚོའི་འབྲས་ཤིང་ཐོན་ལས་ཀྱང་ཡག་པོ་གཉེར་སྐྱོང་བྱེད་ཀྱི་ཡིན”ཞེས་བཤད།

    ལས་གཏོད་རྣམ་པའི་སྣོད་བཅུད་ཐོན་ལས་ཀྱི་མཚོན་བྱེད་ཡིན་པའི་ཤིས་ཕུའུ་ནུས་ཆེའི་ཞིང་ལས་ཐོན་ལས་གླིང་གིས་གྲ་ནང་རྫོང་གི་གཙང་པོའི་བྱང་རྒྱུད་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བཞིན་ཡོད།

    རྣམ་གྲངས་དེས་ས་ཞིང་ནང་བཤུག་དང“ཁེ་ལས་+ཞིང་དུད”ཀྱི་བྱེད་ཐབས་ལ་བརྟེན་ནས་སོས་དལ་ལྟ་སྐོར་དང་། དྲོད་ཁང་འབྲས་ཤིང་འདེབས་འཛུགས། མེ་ཏོག་འདེབས་གསོ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་སྣོད་བཅུད་ཞིང་ལས་གླིང་ཞིག་བསྐྲུན་པ་དང་། དེ་ནས་ཐོན་པའི་ཤིས་ཀྭ་དང་། རྒུན་འབྲུམ། ས་མཐོའི་སེའུ་དམར་བཅས་ལྷ་ས་དང་ལྷོ་ཁ་ཐ་ན་ཤང་ཀང་དུ་ཡང་བྲིན་ཁ་རྒྱུག་པོ་ཡོད་པས་བྱེ་ས་གཡུ་གཞོང་དང་ནོར་གཞོང་དུ་དངོས་འབྲེལ་གྱུར་ཡོད།

    མུ་འབྲེལ་གྱི་རྩི་ཤིང་དང་། ཐལ་རྡུལ་དུ་བརླག་པའི་བྱེ་ས། དར་ཞིང་རྒྱས་པའི་ཐོན་ལས། མང་ཚོགས་ཀྱི་བཞིན་ནས་བཞད་པའི་འཛུམ་མདངས་བཅས“སྣོད་བཅུད+དབུལ་སྐྱོར”ཐོན་ལས་ཀྱི་སྐུལ་ཁྲིད་འོག་གྲ་ནང་རྫོང་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་སྔོ་ལྗང་འཕེལ་རྒྱས་ཀྱི་འགྲོ་ལམ་ཇེ་ཡངས་སུ་འགྲོ་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།