[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • གངས་ལྗོངས་ས་མཐོ་སྔོ་ལྗང་གཡུ་ཡིས་བརྒྱན། སྣོད་བཅུད་ཤེས་དཔལ་འབྲས་བུའི་ཁུར་གྱིས་ལྗིད།

    —— ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70 རིང་གི་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    དུས་རབས་གསར་པར་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ལ་བརྟེན་ནས་བོད་ལྗོངས་མཛེས་པོ་དང་། སྣོད་བཅུད་ལ་བརྟེན་ནས་བོད་ཕྱུག་པོ། སྣོད་བཅུད་ལ་བརྟེན་ནས་བོད་བརྟན་ལྷིང་བཅས་ཡོང་བའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་ལྗོངས་ཡོངས་ཀྱི་མང་ཚོགས་དང་ཀྲུང་གོའི་མི་དམངས་དང་ཐ་ན་འཛམ་གླིང་མི་དམངས་ལ་སྤུས་ལེགས་ཀྱི་སྣོད་བཅུད་ཐོན་རྫས་མཁོ་འདོན་བྱེད་པ་མ་ཟད་མུ་མཐུད་མཁོ་འདོན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་བསྐངས་ཡོད། 

    སྣོད་བཅུད་ཤེས་དཔལ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ།

    2019ལོའི་ཟླ་3པ་བར་ལྗོངས་ཡོངས་ཀྱི་དག་ཐེར་ལས་འགན་45དང་ཞིབ་ཕྲའི་བྱ་ཐབས་179སྤྱིར་ན་དག་ཐེར་གྱི་དམིགས་ཚད་ལོན་པའི་ཁྲོད། 2018ལོའི་ཟླ་12པའི་ཟླ་མཇུག་གོང་ལེགས་གྲུབ་བྱེད་དགོས་པའི་དག་ཐེར་ལས་འགན་28དང་ཞིབ་ཕྲའི་བྱ་ཐབས་90སྤྱིར་ན་དག་ཐེར་དོན་འཁྱོལ་བྱུང་བ་དང་། 2019ལོ་དང་2020ལོར་ལེགས་གྲུབ་བྱེད་དགོས་པའི་དག་ཐེར་ལས་འགན་14དང་ཞིབ་ཕྲའི་བྱ་ཐབས་24བླང་བྱ་གཞིར་བཟུང་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ། འཕྲལ་སྒྲུབ་འཕྲལ་བཅོས་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་དག་ཐེར་ལས་འགན་3དང་ཞིབ་ཕྲའི་བྱ་ཐབས་65ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། 

    2018ལོར་རང་ལྗོངས་ཀྱིས་སྣོད་བཅུད་ལས་གནས་ཁྲི་66.7བར་མང་དུ་བཏང་བ་དང་། ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་3500བར་མཐོ་རུ་བཏང་བ། མ་དངུལ་སྒོར་དུང་ཕྱུར་1བརྩོན་ལེན་བྱས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་འཕྲེད་ཕྱོགས་སྣོད་བཅུད་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ། སྒོར་ཁྲི་3300དོན་འཁྱོལ་བྱས་ནས་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་གྱི་ནག་ཆུ་དང་། ཆབ་མདོ། ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་བདམས་ཏེ་རྒྱུག་ཁུལ་གྱི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་འཕྲེད་ཕྱོགས་སྣོད་བཅུད་སྲུང་སྐྱོང་ཁ་གསབ་ལམ་སྲོལ་གྱི་ཚོད་ལྟ་བྱ་ཡུལ་བཙུགས་ཡོད། 

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ།

    བོད་ཞི་བས་བཅིངས་འགྲོལ་དང་ལྷག་དོན་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་རང་ལྗོངས་ཀྱིས་གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་སྔོ་འགྱུར་མཛེས་བཟོར་ཤུགས་སྣོན་བརྒྱབ་ནས་གད་སྙིགས་རིགས་དབྱེ་ཐག་གཅོད་དང་། འཛེར་སྒྲ་ཐག་གཅོད། བཙོག་ཆུ་འབུད་གཏོང་། སོག་མ་མེ་བསྲེགས་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱིས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི”འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད། གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་ལེགས་སུ་བཏང་བ་དང་འབྲེལ“ཁྱིམ་ཚང་སྡེ་ཁུལ་དུ་ཡོད་པ་དང་བཟང་པོ་ལྔ་ལྡན་ཁྱིམ་ཚང”སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བས་2011ལོར་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དུ་བདམས་པ་དང་2017ལོར་བསྐྱར་ཞིབ་བྱས་པ་བརྒྱུད་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་གྱི་གཟི་བརྗིད་མཚན་སྙན་མུ་མཐུད་སོར་འཇོག་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

    2019ལོའི་ཟླ་7པའི་ཟླ་མཇུག་བར་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གད་སྙིགས་ཏུན་ཁྲི་6.3གཙང་སེལ་བྱས་པ་དང་། གྲོང་གསེབ་ཀྱི་རྫིང་བུའི་འདམ་རྫབ་ཏུན་ཁྲི་1.2གཙང་སེལ་བྱས་པ། གྲོང་ཚོའི་ནང་གི་གྱང་རོ་4955གཙང་མ་བཟོས་པ། ཆུ་ཡུར་སྤྱི་ལེ་1000ལྷག་ཙམ་བཤངས་པ། ཕྱུགས་རིགས་ཀྱི་ལུད་གསོག་ས་4500ལྷག་ཙམ་ལ་དུག་སེལ་བྱས་པ། ཞིང་འབྲོག་ཁུལ་དུ་མེ་ཤིང་གང་བྱུང་དུ་སྤུངས་བ་དང་གཟན་རྩྭ་གང་བྱུང་དུ་འཇོག་པའི་གནད་དོན་ཁྲི་1.5ལྷག་ཙམ་ཐག་གཅོད་བྱས་པ་བཅས་རེད། གྲོང་ཚོ་16ཀྲུང་གོའི་སྲོལ་རྒྱུན་གྱི་གྲོང་ཚོའི་མིང་ཐོའི་ནང་ཚུད་པ་དང་དེའི་ནང་སྲོལ་རྒྱུན་གྱི་གྲོང་ཚོ་4སྲུང་སྐྱོང་དང་འཕེལ་རྒྱས་བཏང་བར་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཐོབ་ཡོད།

    2018ལོར་རང་ལྗོངས་ཀྱིས་དགུང་སྔོན་སྲུང་སྐྱོང་དམག་འཐབ་ཀྱི་ལག་བསྟར་ཇུས་གཞི་བཟོས་ནས་ལྗོངས་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་ཆ་སྙོམས་ལེགས་ཚད་98.2%ཟིན་པ་དེ་2017ལོ་ལས་བརྒྱ་ཆའི་གྲངས་0.7འཕར་ཡོད། 《ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི》དོན་འཁྱོལ་ནན་ཏན་བྱས་པས་འཐུང་ཆུའི་ཆུ་འགོའི་སྤུས་ཚད་ལེགས་སུ་ཕྱིན་ཡོད། 《ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི》ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང《ས་རྒྱུའི་སྦགས་བཙོག་འགོག་བཅོས་དང་སླར་གསོའི་འཆར་གཞི(2017ནས་2030ལོ་བར)》འཆར་ཟིན་བཀོད་པ་དང་ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིར་ན་རྒྱུན་མཐུད་བརྟན་པོ་བྱུང་ཡོད།

    2018ལོར་རང་ལྗོངས་ཀྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་དང་གཙོ་གནད་སྣོད་བཅུད་ནུས་ཁུལ་གྱི་སྣོད་བཅུད་སླར་གསོའི་འཆར་འགོད་བྱེད་འགོ་ཚུགས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་སྣོད་བཅུད་དར་རྒྱས་ཀྱི་འཆར་འགོད་ལེགས་སྒྲུབ་བྱས་ཏེ“ཕུབ་ལྗང2018”ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་ཁྲིམས་འགལ་བྱེད་སྤྱོད་25ཞིབ་བཤེར་ཐག་གཅོད་བྱས་པ་དང་ཉེས་ཆད་སྒོར་ཁྲི་1092.2བཏང་བ་རེད།

    ལྗང་མདོག་ཐོན་ལས་འཕེལ་རྒྱས་བརྟན་པོ་ཕྱིན་པ། 

    2019ལོའི་ཟླ་8ཚེས་22ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་བྱང་ཐང་ཡུག་ཁུལ་དང་ཇོ་མོ་གླང་མའི་ཡུག་ཁུལ་སོགས་ཚོད་ལྟའི་འཛུགས་སྐྲུན་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་སའི་གོ་ལའི་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་ཚོམ་པོ་ཞིག་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་པ་བཏོན་ཡོད། དེས་མཚོ་བོད་ས་མཐོའི་དམིགས་བསལ་སྣོད་བཅུད་མ་ལག་གི་སྔར་ཡོད་རྣམ་པ་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུར་ཕན་པ་བྱུང་ཡོད་ལ་རང་ལྗོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་ལ་བརྟེན་ནས་སྣོད་བཅུད་ཡུལ་སྐོར་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་སྟེ་ཁུལ་ཡོངས་སུ་ཡུལ་སྐོར་གྱི་སྤུས་རྟགས་ལམ་ཐིག་གཏོད་པར་ཡང་ཕན་ཐོགས་བྱུང་ཡོད། 

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་ལྗོངས་ཀྱིས་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་བཏང་བ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་བ། ཡུལ་སྐོར་ལས་རིགས་ཀྱི་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་བ། ཡུལ་སྐོར་ལས་རིགས་དང་རིག་གནས་དང་ལུས་རྩལ་སོགས་ཀྱི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད། 2019ལོའི་ལོ་སྟོད་དུ་རིམ་རྩིས་བརྒྱབ་ན། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1340.7ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20.2%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་149.36བྱུང་བ་དེ་དུས་མཚུངས་ལས་19.8%འཕར་ཡོད།

    ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་མ་གཏོགས་སྤྱོད་རྒྱུ་མེད་པའི་ཆུ་ཤུགས་གློག་ཁང་ཆུང་གྲས་ཆན་ཝ་125ཟིན་པ་གཅིག་རང་ལས་མེད་པ་དེའང་གློག་བརྟན་པོ་མེད། 1960ལོར་རྔ་ཆེན་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་བཏང་རྗེས་ལྷ་སའི་གྲོང་མི་དཀྱུས་མས་གློག་ཐེངས་དང་པོ་སྤྱོད་འགོ་ཚུགས་ཡོད། དེ་རྗེས་ཡར་འབྲོག་གཡུ་མཚོ་དང་། འོལ་ཁ། རྫམ་སོགས་ཆུ་ཤུགས་གློག་ཁང་ཡོད་པ་དང་ཡངས་པ་ཅན་ས་འོག་ཚ་ནུས་གློག་ཁང་དང་གློག་དྲ་ཟླ་སྒྲིལ་གྱི་འོད་ཤུགས་གློག་ཁང་ཆེ་གྲས་སོགས་སྔ་རྗེས་སུ་བསྐྲུན་ཡོད། མཚོ་བོད་དང་ཁྲོན་བོད་ཀྱི་གློག་ཤུགས་དྲ་སྦྲེལ་མངོན་འགྱུར་བྱུང་ནས་2018ལོའི་ལོ་མཇུག་བར་ལྗོངས་ནང་ཁུལ་གྱི་གློག་དྲ་གཙོ་བོ་དེ་རྫོང(ཆུས)62ལ་ཁྱབ་གདལ་བྱུང་བ་དང་མི་ཁྲི་272ལ་གློག་མཁོ་འདོན་ཐུབ་ཡོད། ས་ཆ་གཞན་དག་ལ་ཆུ་ཤུགས་གློག་ཁང་ཆུང་གྲས་དང་། འོད་ཤུགས་ཁྱབ་ཆུང་དྲ་རྒྱ། དུད་ཚང་དུ་སྤྱོད་པའི་འོད་ཤུགས་མ་ལག་སོགས་བརྒྱུད་མི་ཚང་མར་གློག་སྤྱོད་རྒྱུ་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་འཆར་འགོད(2013ནས་2020ལོ་བར)》བཟོས་ནས་ནུས་རྒྱུ་གཙང་མ་དང་། ཡུལ་སྐོར། རིག་གནས་སོགས་ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། 2019ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་སྤྱིའི་ཐོན་འབོར་སྒོར་དུང་ཕྱུར་62.23ཟིན་པ་དེ་དུས་མཚུངས་དང་བསྡུར་ན་4.5%འཕར་བ་དང་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་2.5མཐོ་བ་ཡོད།

    ཚན་རྩལ་གྱི་འདེགས་སྐྱོར་མ་ལག་སྤྱིར་ན་བསྐྲུན་པ།

    2019ལོའི་ཟླ་8ཚེས་15ཉིན། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི“སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་དང་ལེགས་གཏོང་མ་ལག”ལས་འགན་ཡན་ལག་རུ་ཁག་གིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་བཞུགས་མོལ་བྱས་པ་རེད།

    མཚོ་བོད་ཀྱི་ཚན་ཞིབ་ཐེངས་གཉིས་པ་དེས་མུ་མཐུད་ནས་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཚན་རྩལ་གྱི་འདེགས་སྐྱོར་བྱས་པ་དང་ཆུ་དང་། སྣོད་བཅུད། མིའི་རིགས་བཅས་ཀྱི་བྱེད་སྒོར་བརྟེན་ནས་མཚོ་བོད་ས་མཐོའི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། 

    གཞན་ཡང་སྣོད་བཅུད་ཁོར་ཡུག་གི་འགྱུར་ལྡོག་ལྟ་ཞིབ་ཚད་ལེན་བྱ་ཆེད། རང་ལྗོངས་ཀྱིས་ཆ་ཚང་བའི་ལྟ་ཞིབ་ཚད་ལེན་མ་ལག་ཅིག་བཙུགས་པར་ཁོར་ཡུག་སྲུང་སྐྱོང་དང་། རྒྱལ་ཁབ་ས་ཆ། ཞིང་ལས། ནགས་ལས། ཆུ་བེད། གནམ་གཤིས་སོགས་ཆེད་ལས་ཀྱི་ལྟ་ཞིབ་ཚད་ལེན་དྲ་བ་ཚུད་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལྟ་ཞིབ་ཚད་ལེན་མ་ལག་དང་མཉམ་དུ་གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་སྔོན་བརྡའི་མ་ལག་གྲུབ་ནས་རང་ལྗོངས་ཀྱི་ཁོར་ཡུག་དོ་དམ་ཆུ་ཚད་དང་ཕན་འབྲས་ཆེས་ཆེ་རུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།