[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྣོད་བཅུད་ལེགས་པའི་བྱང་ཐང་སྲོག་ཆགས་ཀྱི་བདེ་ལྡན་ཞིང་ཁམས་སུ་གྱུར་པ།

    —— རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་གསར་གཏོད་དོ་དམ་ལ་ཕན་འབྲས་ཐོན་པའི་སྐོར།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    ཉེ་དུས། གསར་འགོད་པས་རླངས་འཁོར་དུ་བསྡད་དེ་བོད་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་པ་ཡིན། འདི་གའི་ས་ཆ་གང་སར་རྐྱང་དང་། གཙོད། འབྲོང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་བག་ཕེབས་ཅི་དགར་རྩྭ་ཆུར་རོལ་བཞིན་པ་མཐོང་བྱུང་།

    སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ནས་དོ་དམ་དང་བདག་སྐྱོང་གི་གསོན་ཤུགས་འཕེལ་བ།

    བོད་ཀྱིས་ཉེ་བའི་ལོ་ཤས་རིང་སྣོད་བཅུད་སྔོན་དུ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ལ་གཅིག་གྱུར་བཅོས་སྒྲིག་རབ་དང་རིམ་པ་བྱས་པ་དང་། རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ས་མཐོའི་ཁྱད་ཆོས་དང་འཚམ་པའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལམ་བུ་འཚོལ་ཞིབ་བཅས་བྱས་པ་རེད། 2015ལོའི་ཟླ་7པར་བོད་དུ་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་། ལོ་བཞི་ལྷག་ཙམ་འཚོལ་ཞིབ་དང་ལག་བསྟར་བྱས་པ་བརྒྱུད། ལས་དོན་མི་སྣའི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་པ་དང་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་མ་ཟད། རིགས་ཁག་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    ནག་ཆུ་དང་མངའ་རིས་ས་ཁུལ་དང་དེ་བཞིན་འབྲེལ་ཡོད་རྫོང་7ལ་བྱང་ཐང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་གཞི་དམིགས་སུ་བཙུགས་པ་དང་། མི32བྱ་གཞག་ཚན་པའི་སྒྲིག་ཁོངས་ནང་བཅུག་ནས་མི་སྣའི་སྟོབས་ཤུགས་ཆེ་རུ་བཏང་ཡོད། དེ་དང་དུས་མཚུངས་དོ་དམ་ས་ཚིགས་73འཆར་འགོད་འཛུགས་སྐྲུན་བྱས་པ་དང་འབྲེལ་འགྲིམ་འགྲུལ་དང་ལྟ་ཞིབ་ཚད་ལེན་སོགས་ཀྱི་སྒྲིག་བཀོད་ཆ་ཚང་བཀོད་སྒྲིག་བྱས་ཡོད། མི་སྣ་གོ་ཆོད་གསོ་སྐྱོང་བྱེད་པའི་རྩ་དོན་གཞིར་བཟུང་ཞིང་འབྲོག་པའི་ཆེད་ལས་དོ་དམ་བདག་སྐྱོང་བ་780གདན་ཞུ་བྱས་ནས་དོ་དམ་ས་ཚིགས་ཚང་མར་ཀྲན་ཀྲང་དང་ཀྲན་ཀྲང་གཞོན་པ་རེ་བཀོད་སྒྲིག་བྱས་ཡོད།

    དོ་དམ་ས་ཚིགས་གཉེར་སྐྱོང་བྱས་ནས་འདི་ལོའི་ཟླ་བརྒྱད་པའི་བར་ཆེད་ལས་དོ་དམ་བདག་སྐྱོང་བ་780ཚང་མ་ལས་གནས་སུ་ཞུགས་པ་དང་། རིམ་རྩིས་བྱས་ན། མི་ཐེངས་ཁྲི་5.47གྱིས་སྐོར་ཞིབ་སྲུང་སྐྱོང་དང་ལམ་ཐག་སྤྱི་ལེ་ཁྲི་258.4ལ་སྐོར་ཞིབ་སྲུང་སྐྱོང་བྱས་ནས་རིགས་ཁག་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས(རྭ་ཅོ)2578གཞུང་བཞེས་བཏང་བ་རེད།

    ཁྲིམས་ལྟར་སྲུང་སྐྱོང་དང་ཁྲིམས་འཛིན་ནན་པོ་བྱས་པ།

    འདི་ལོའི་ཟླ་9ཚེས་30ཉིན་ནག་ཆུ་གྲོང་ཁྱེར་གྱི་ཉེས་གསོག་དོགས་ཅན་དཔལ་འབྱོར་དབང་རྒྱལ་གྱིས་ཁྲིམས་འགལ་ངང་རྔོན་བརྒྱབ་པ་དང་རྩ་ཆེ་ལ་དཀོན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསད་པའི་གྱོད་གཞི་དེ་མྱུར་ཞིབ་ཐག་གཅོད་ཐུབ་ནས་སོག་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་ཁྲིམས་ལྟར་ཞིབ་དཔྱོད་ཞུ་གཏུག་བྱ་རྒྱུར་སྤྲད་པ་རེད།

    ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་མའོ་ཧྲི་ཕིང་གིས། འདི་ལོ་ཚུན་དུ་ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་ཁུལ་68ལ་ཞིབ་བཤེར་བྱས་ཤིང་། ཁྲིམས་འགལ་གྱི་རྔོན་རྒྱག་ཡོ་ཆས་གཙང་སེལ་བྱེད་པའི་ཆེད་དོན་བྱ་སྤྱོད་ཐེངས་35སྤེལ་ནས། ཞིང་ནང་དུ་སྤྱོད་པའི་ཙི་ཙི་བཟུང་ཆས་200ལྷག་གཙང་སེལ་བྱས་པ་དང་། ཁྲིམས་འགལ་གྱི་རྔོན་རྒྱག་ཡོ་ཆས་ཐོན་མེད། ཟླ་རེར་སྐོར་ཞིབ་སྲུང་སྐྱོང་ཐེངས་གཉིས་ནས་གསུམ་བར་བྱས་པ་དང་དུས་བྱ་གཅིག་སྡུད་འཚོ་གནས་ཀྱི་བྱ་རིགས་གླིང་ཕྲན་དུ་ཕྱི་རོལ་གྱི་སྐོར་ཞིབ་སྲུང་སྐྱོང་ཐེངས་80ལྷག་ཙམ་བྱེད་དགོས་པའི་གཏན་འབེབས་ཀྱིས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྒྱུན་མཐུད་ཀྱི་དམ་བསྒྲགས་རྣམ་པ་ཞིག་ཆགས་ནས། ནགས་ཚལ་དང་རི་སྐྱེས་རྩི་ཤིང་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

    “མི་དང་རི་དྭགས་ཀྱི་འགལ་བ”ཆུང་དུ་བཏང་ནས་ཚད་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ།

    “མི་དང་རི་དྭགས་ཀྱི་འགལ་བ”ནི་ཉེ་བའི་ལོ་ཤས་རིང་བོད་བྱང་ཐང་གི་ངོས་ནས་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཞིག་རེད། 2006ལོ་ནས་2018ལོ་བར་བསྡོམས་རྩིས་བརྒྱབ་ན། དྲེད་མོང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་ནག་ཆུ་གྲོང་ཁྱེར་གྱི་མི་45ལ་རྨས་སྐྱོན་བཏང་ནས(དེའི་ནང་མི་18རྐྱེན་ལམ་དུ་ཤོར་བ)དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་2.4ཙམ་བཟོས་པས་སྲིད་གཞུང་གིས་གུན་གསབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    “མི་དང་རི་དྭགས་ཀྱི་འགལ་བའི”གནད་དོན་ལ་དམིགས་ནས་ནག་ཆུ་གྲོང་ཁྱེར་གྱིས་འབྲེལ་ཡོད་ཚན་ཞིབ་ཁང་དང་རྒྱལ་སྤྱིའི་སྲུང་སྐྱོང་རྩ་འཛུགས་དང་མཉམ་ལས་ཧུར་ཐག་བྱས་ནས། དྲེད་མོང་འགོག་པའི་ལྕགས་ར་སོགས་ཀྱི་འགོག་ཟོན་འདུ་འགོད་ཞིབ་འཇུག་དང་ཁྱབ་གདལ་བཏང་བ་རེད།

    2018ལོའི་ལོ་མཇུག་བར་བོད་དུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47(དེའི་ནང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་11ཚུད་པ)བཙུགས་པ་དང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱིས་བོད་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་ཡོད། ད་ཆ་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་སྔར་ནས་ད་བར་གྱི་སྲུང་སྐྱོང་ནན་ཤོས་བྱུང་བ་དང་སྣོད་བཅུད་མ་ལག་བརྟན་པོ་བྱུང་བ་མ་ཟད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཁྱུ་ཚོགས་མང་དུ་ཕྱིན་ནས་ས་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་མུས་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།