[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • གཞིས་རྩེ་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-22

    རང་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཁོར་ཡུག་སྲུང་སྐྱོང་གི་རྩེ་རིམ་ཇུས་འགོད་དང་ལམ་ལུགས་བཟོ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་དེ་བས་གལ་འགངས་ཆེན་པོ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་ལམ་ལུགས་དང་མ་ལག་བསྐྲུན་མགྱོགས་སུ་གཏོང་རྒྱུར་འཚོལ་ཞིབ་རྒྱུན་ཆད་མེད་པར་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་དང་མ་ལག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་བཀོད་པ་དང་ཁོར་ཡུག་གཙང་སྦྲའི་དོ་དམ་གྱི་སྲོལ་ཡིག》དང《གཞིས་རྩེ་གྲོང་ཁྱེར་གྱི་ཆུ་ལམ་བྱེ་སྔོག་དོ་དམ་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་མང་པོ་སྔ་རྗེས་སུ་བཀྲམ་པ་དང་ལག་ལེན་བསྟར་ཡོད། དེ་དག་ནང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་དེས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཆེད་ཁོར་ཡུག་ཁྲིམས་ལུགས་ཀྱི་མ་ལག་བསྐྲུན་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས“མཐོ་གསུམ”ཁེ་ལས་དང་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་ནང་འདྲེན་བྱེད་ནན་དུ་བཏང་ནས་ཁོར་ཡུག་ལ་ཚོད་འཛིན་ཆེན་པོ་བཟོ་བའི་རྣམ་གྲངས་ལ“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་ལེན་བསྟར་བ་དང་། གསར་སྤེལ་བྱེད་སྒོ་སྣ་ཚོགས་སྤེལ་རིང་ཁོར་ཡུག་ལ་ཁྲིམས་འཛིན་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་གསར་སྤེལ་འཛུགས་སྐྲུན་གྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་བཏང་ཡོད་པ་རེད།

    2018ལོར། གཞིས་རྩེ་གྲོང་ཁྱེར་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་ཁོར་ཡུག་དཔྱད་དཔོག་གི་འགྲོ་ལུགས་གཉེར་བའི་མཛུབ་ཁྲིད་ལག་དེབ》བཟོས་པ་དང་འབྲེལ་རྫོང་དང་ཆུས་ཁག་དང་གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་ཁག་ལ་སྤྲད་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་གྱིས་ས་གནས་ས་ཐོག་ཏུ་ཁོར་ཡུག་ལ་ལྟ་སྐུལ་ཞིབ་བཤེར་ཐེངས་79བྱས་ནས་གནད་དོན་ཁག་67ཞིབ་བཤེར་ཐག་གཅོད་བྱས་པ་དང་། དུས་བཀག་དག་ཐེར་གཏན་འབེབས་ཡི་གེ་12བཀྲམ་པ། ཁྲིམས་འགལ་ཚན་པར(ཁེ་ལས)སྲིད་འཛིན་ཆད་པ་ཁག་11བཅད་པ། དངུལ་ཆད་སྒོར་ཁྲི་1919.09བཅད་པ་དེ་དག་ཡོངས་རྫོགས་བསྐྱལ་ཡོད་པ་རེད།

    གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འཛེར་སྒྲའི་སྦགས་བཙོག་དང་། མཁའ་རླུང་གི་སྦགས་བཙོག ཆུའི་སྦགས་བཙོག་སོགས་ཀྱི་གྱོད་གཞི་སྒྲུབ་རྒྱུར་རྩིས་སྤྲད་དེ་གྱོད་གཞི་ཁག་39དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་དང་གྱོད་ཐག་བཅད་ནས་གྱོད་ཐག་བཅད་ཚད་100%དང་མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་ཡོད་པ་རེད།

    2017ལོ་ཚུན་དུ། “གྲོང་ཁུལ་གྱི་སྤྱི་གླིང་སྤང་ལྗོངས”འཛུགས་སྐྲུན་ལ་དམ་པོར་གཞིགས་ནས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་བཏང་ནས་ཀུན་ཁྱབ་གླིང་ག་སྒྱུར་བཀོད་བྱས་ཏེ་ཆུ་ལམ་གཙང་མ་བཟོས་པ་དང་། འགྱིག་སོབ་ལམ་ཆུང་བཟོས་པ། གད་གཞོང་མང་དུ་བཏང་བ། སྤྱི་པའི་གསང་སྤྱོད་བསྐྲུན་པ་བཅས་བརྒྱུད། དེ་སྔ་ཁོར་ཡུག་གཙང་མ་མེད་པའི་གླིང་ག་དེ་གྲོང་མི་རྣམས་སྤྲོ་གསེང་གཏོང་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད་པ་རེད།

    ལོ་གཉིས་རིང་། ད་དུང་གཞིས་རྩེ་གྲོང་ཁྱེར་གྱིས་ཀུན་ཁྱབ་གླིང་ག་དང་རྟ་ར་འོག་གླིང་ག་སྒྱུར་བཀོད་དང་། ཧེ་ལུང་ཅང་ལྷོ་ལམ་རྒྱུད་ཀྱི་ཏེ་ཀྲོང་སྤྱི་གླིང་དང་ས་མཐོའི་སྣོད་བཅུད་རྩི་ཤིང་སྐྱེད་ཚལ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལས་དོན་སྤེལ་ཡོད་པ་རེད།

    2017ལོ་དང་2018ལོར། གཞིས་རྩེ་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་དངུལ་སྒོར་ཁྲི་3455.64རག་ནས་རྫོང་དང་ཆུས་13དང་གྲོང་ཚོ་348ལ་ཕན་པ་ཐོབ་ཡོད་པ་རེད། ཆེད་དངུལ་དེ་དག་གད་སྙིགས་དབོར་འདྲེན་ས་ཚིགས་ཁག་གཅིག་བསྐྲུན་པ་དང་། གད་སྙིགས་དབོར་འདྲེན་རླངས་འཁོར་ཉོས་པ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་བསྐྲུན་པ་སོགས་ལ་སྤྱད་ནས་གྲོང་ཚོའི་བཀོད་པ་དང་རྣམ་པ་ལེགས་སུ་བཏང་བ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཐོབ་ཚོར་ཆེ་རུ་ཕྱིན་ཡོད་པ་རེད།

    ད་ཆ་རི་བོ་སྔོ་ལྗང་དང་། ཆུ་བོ་དྭངས་གཙང་། མཁའ་རླུང་གཙང་བ་བཅས་ཡོད་ཅིང་། གཞིས་རྩེ་གྲོང་ཁྱེར་གྱིས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་ཞིག་སྐྲུན་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།