[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལམ་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-19

    སྣོད་བཅུད་བཟང་པོ་ནི་སྔར་ནས་བཟུང་ཉིང་ཁྲིའི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་རྗེས་ཐོན་ལེགས་ཆ་ཆེ་ཤོས་ཤིག་རེད་ལ། ཉིང་ཁྲིའི་རྟེན་ས་ཉག་ཅིག་ཀྱང་རེད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་འགན་ལྕི་པོའི་མདུན་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་ཞིག་དང་། ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་ཡིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་100%ཟིན་པ་དང་། གཙང་ཆུ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་ཚང་མ་རིགསⅢགྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་མཐོ་བ། ནགས་ཚལ་ཁྱབ་ཚད་53.6%ཟིན་ནས་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་32ཙམ་མཐོ་བ་ཡོད་པ་རེད།

    སྲིད་གཞུང་གིས་གཙོ་ཁྲིད་བྱས་ཏེ་སྣོད་བཅུད་ཤེས་དཔལ་དཔེ་སྟོན་གཏོད་པའི་མཉམ་ཤུགས་ཆགས་པར་བྱས་པ།

    ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་སྲིད་གཞུང་གི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་ལོ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་ལ་བཅུག་ནས། རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་ས་ཁུལ་གཏོད་པའི་ལས་དོན་དང་ལས་བྱེད་པར་དཔྱད་ཞིབ་བྱེད་པ་ཟུང་འབྲེལ་བྱས་ཏེ་ལས་ཀའི་དམིགས་ཚད་འགན་འཁྲིའི་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། རིམ་པ་བཞིན་དབྱེ་ཕྲལ་དང་འཛུགས་སྐྱོང་གི་ལས་དོན་ཁག་དོན་འཁྱོལ་བྱས་པས“ཏང་ཨུད་དང་སྲིད་གཞུང་གིས་འགོ་འཁྲིད་པ་དང་། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱིས་ལྟ་སྐུལ། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་སྣེ་འཁྲིད་པ། སྡེ་ཚན་གཞན་དག་གིས་གཞོགས་འདེགས། མི་དམངས་མང་ཚོགས་ཞུགས་པ”བཅས་བྱེད་པའི་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། མཉམ་སྐྲུན་གྱི་རྣམ་པ་ཞིག་ཆགས་ཡོད། 2018ལོའི་ལོ་མཇུག་བར་བྲག་ཡིབ་ཆུས་ལ་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ་པ་དང་། ཉིང་ཁྲི་གྲོང་ཁྱེར་ལ“རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ། ཉིང་ཁྲི་གྲོང་ཁྱེར་གྱི་ཁྱོན་རྫོང་དང་ཆུས་6དང་། ཤང་དང་གྲོང་རྡལ་44 སྲིད་འཛིན་གྲོང་ཚོ་395བཅས་ལ་སྔ་རྗེས་སུ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་དང་། སྣོད་བཅུད་ཤང་དང་གྲོང་རྡལ། སྣོད་བཅུད་གྲོང་ཚོ་བཅས་ཀྱི་མིང་བཏགས་ཡོད་པ་རེད།

    ཁོར་ཡུག་སྲུང་སྐྱོང་སྔོན་དུ་བཞག་སྟེ་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།

    སྣོད་བཅུད་འཛུགས་སྐྱོང་བྱེད་པར་ཐོན་ལས་ནི་འགན་ལེན་ཡིན་ཞིང་། དཔལ་འབྱོར་འཕེལ་རྒྱས་གཏོང་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་སྔོན་དུ་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། རང་བྱུང་ཐོན་ཁུངས་འབེལ་བར་གཞིགས་པ་དང་སྣོད་བཅུད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྣོད་བཅུད་ཡུལ་སྐོར་ལས་རིགས་ཀྱི་ཁྲིད་སྟོན་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་གཏོང་བ་དང་། རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་པོར་དམིགས་ནས་ཡུལ་སྐོར་འགྲིམ་འགྲུལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་གཏོང་བ། “གསང་སྤྱོད་གསར་བརྗེར”སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་གཙང་དུ་རྒྱུན་ཆད་མེད་པར་བཏང་བ་དང་འབྲེལ། བོད་དུ་ཡོང་སའི“ས་ཚུགས་དང་པོ”སྐྲུན་པའི་ལས་དོན་ཏན་ཏིག་བསྒྲུབས་ཡོད། བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་ལ་ལྗོངས་ཡོངས་ཀྱི་རང་བྱུང་མཛེས་ལྗོངས་རིགས་ཀྱི་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མིང་ཐོག་མར་ཐོབ་པ་དང་། ཀླུ་ནང“རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ”དུ་གཏན་འཁེལ་བྱས་ཡོད། 2018ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་713.5ལ་སྣེ་ལེན་ཞུས་ནས་དུས་མཚུངས་ལས་37.56%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་59.22ཟིན་ནས་དུས་མཚུངས་ལས་30.26%འཕར་ཡོད་པ་རེད།

    ཁྲིམས་ལྟར་བཅོས་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྤུས་ཚད་ལེགས་སུ་བཏང་བ།

    ཁྲིམས་ལྟར་བཅོས་སྒྲིག་བྱས་ཏེ་ཁོར་ཡུག་ལེགས་སུ་བཏང་ཞིང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བསམ་གཞིག་ལ་བརྟེན་ནས་སྣོད་བཅུད་སྲུང་སྐྱོང་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་དང་ལམ་ལུགས་ནན་ཤོས་ལག་བསྟར་དང་། ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་ཆེད་འགན་ལེན་ནུས་ལྡན་བྱས་པ་དང་སྦྲགས། ཁོར་ཡུག་འཇུག་འཐུས་ལམ་ལུགས་ནན་ཤོས་མཐའ་འཁྱོངས་བྱས་ཡོད། ཐོན་ཁུངས་ནུས་རྒྱུའི་བསྡོམས་འབོར་དང་ཤུགས་ཚད་གཉིས་ཀ་ཚོད་འཛིན་གྱི་ལམ་ལུགས་ལག་བསྟར་བྱས་ཏེ་ཁོར་ཡུག་གི་གདེང་འཇོག་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་ཁོར་ཡུག་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་ཡོད། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་ཞིབ་མཆན་ལམ་ལུགས་དང་སྦགས་བཙོག་གཙོ་བོ་ཕྱིར་འབུད་བསྡོམས་འབོར་སྔོན་ལ་ཞིབ་བཤེར་གཏན་འབེབས་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད་པ་རེད།

    2018ལོའི་ལོ་མཇུག་ཏུ། ཉིང་ཁྲི་གྲོང་ཁྱེར་གྱིས་རིགས་སྣ་ཚོགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་4དང་། རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་3 རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་3 རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་1 སྐྱེ་ལྡན་ཇ་ར་1བཅས་བསྐྲུན་ཡོད། གྲོང་ཁྱེར་གྱི་གཙང་ཆུ་གཙོ་བོའི་ཆུའི་སྤུས་ཚད་ཚང་མ་རིགསⅢགྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་མཐོ་བ་དང་། མཚོ་གཙོ་བོའི་ཆུའི་སྤུས་ཚད་རིགསⅢགྱི་ཚད་གཞི་ལས་མཐོ་བ། རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གཅིག་སྡུད་ཅན་གྱི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད100%ཟིན་པ། གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཡག་པོ་ཡོད་ཚད་ཉིན་གྲངས་100%ཟིན་པ་དང་ཆབས་ཅིག་ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་ཚབས་ཆེན་ཐོན་མྱོང་མེད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།