[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རི་ཆུ་མཛེས་ལ་དམངས་སེམས་དེ་བས་མཛེས།

    —— ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བའི་གྲོ་མོའི་ཉམས་མྱོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-08

    639601_yis_1562473529879_s.jpg

    འདི་ནི་ཡུལ་ལྗོངས་ལྟ་ན་སྡུག་པའི་གྲོ་མོ་རྫོང་གྲོ་མོ་སྨད་ཤང་ཡིན་པ།

    གྲོ་མོ་རྫོང་ལ“མཚོ་བོད་ས་མཐོའི་སྡོད་མལ་འཚམ་ཤོས་ཀྱི་མཐའ་མཚམས་གྲོང་རྡལ”ཞེས་པའི་འབོད་སྲོལ་ཡོད། སྣོད་བཅུད་ཁོར་ཡུག་ནི་རང་བྱུང་ཁམས་ཀྱིས་བསྩལ་བ་ཞིག་ཡིན་ཡང་དེར་སྲུང་སྐྱོང་ཞིབ་ཚགས་བྱེད་དགོས། དུས་ཡུན་རིང་པོའི་ནང་། གྲོ་མོ་རྫོང་གིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཏན་ཏིག་གིས་ཚན་རིག་གི་སྒམ་ནན་གྱི་རྣམ་འགྱུར་ཐོག་ནས་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་གཞོལ་བའི་ངར་ཤུགས་ལ་བརྟེན་ནས་སྣོད་བཅུད་དཔལ་འབྱོར་འཕེལ་རྒྱས་བཏང་ཐོག་གནམ་སྔོ་ཞིང་ཆུ་དྭངས་བའི་མཛེས་སྡུག་ལྡན་པའི་གྲོ་མོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་ཧུར་ཐག་བཏང་ཡོད།

    “ད་ལྟའི་ཕ་ཡུལ་གྱི་རྣམ་པ་ང་ཆུང་དུས་དང་བསྡུར་ན་དེ་བས་མཛེས་སྡུག་ལྡན”

    “དགུན་དུས་གནམ་གཤིས་སྐམ་ཤས་ཆེ་བས་གཟབ་གཟབ་མ་བྱས་ན་མེ་སྐྱོན་ཐོན་སླ་པོ་ཡོད། དབྱར་ཁ་ཉེན་ཁ་དེ་ཙམ་མེད་ཀྱང་ནགས་ཤིང་ལྐོག་ཏུ་གཅོད་མཁན་ལ་སྔོན་འགོག་ནན་པོ་བྱེད་དགོས་པས། དུས་ཚོད་སྐར་ཆ་ཙམ་ཡང་ལྷོད་གཡེང་དུ་གཏོང་མི་རུང”ཞེས་ལོ་56ལ་སླེབས་པའི་གྲོ་མོ་སྨད་ཤང་རིན་ཆེན་སྒང་གྲོང་ཚོའི་སྤེན་པ་ཚེ་རིང་ནི་ནགས་སྲུང་བ་ཞིག་ཡིན་ཞིང་། སྔ་ལངས་ཕྱི་ཉལ་གྱིས་རི་སྐོར་དུ་བསྐྱོད་རིམ་བཞིན་ནགས་ཚལ་ཁྲོད་དུ་སྤྱི་ལེ་བཅུ་ལྷག་འགྲོ་དགོས་ཀྱི་ཡོད།

    སྤེན་པ་ཚེ་རིང་གིས། ནགས་སྲུང་བའི་འགན་འཁྲི་ལྕི་པོ་ཡོད་དེ“མཚམས་བརྒྱད་ལ་ལྟ་བ་དང་ཕྱོགས་བཞི་ལ་ཉན་ནས”མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་མེད་ལ་ལྟ་དགོས་པ་དང་། ནགས་ཤིང་གཅོད་པའི་སྒྲ་ཡོད་མེད་ལ་ཉན་ནས་གནད་དོན་ཐོན་ཚེ་འཕྲལ་མར་སྙན་སེང་དང་ཐག་གཅོད་བྱེད་དགོས་ཞེས་བརྗོད།

    གྲོ་མོ་རྫོང་གིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་གཏོད་པའི་འཆར་འགོད་བཟོས་པ་མ་ཟད། ཤང་གྲོང་བདུན་གྱི་ཁྱད་ཆོས་གཞིར་བཟུང་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་འཛུགས་སྐྲུན་གྱི་ཁོར་ཡུག་སྲུང་སྐྱོང་གི་འཆར་གཞི་བཟོས་ཏེ། སྲིད་ཇུས་ཀྱི་ངོས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། རང་བྱུང་སྣོད་བཅུད་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ལག་ལེན་བསྟར་བའི་བརྒྱུད་རིམ་ནང་གྲོ་མོ་རྫོང་གིས་མཐའ་ཚད་སྲུང་བ་དང་དམར་ཐིག་ལས་མ་བརྒལ་བར་རྣམ་གྲངས་ཀྱི་ཁོར་ཡུག་ཚོད་སྐོར་ནན་པོ་བྱེད་པ་དང་འཇུག་སྒོ་ནན་པོ་བསྲུངས་ནས། སྦགས་བཙོག་དང་། ནུས་རྒྱུ་ཟད་གྲོན། བཙོག་འབུད་བཅས་ཆེ་བའི་ཐོན་ལས་གཅིག་ཀྱང་ནང་འདྲེན་བྱས་མེད། མིག་སྔའི་བར། གྲོ་མོ་རྫོང་ཡོངས་སུ་གློག་འདོན་ཁེ་ལས་གཅིག་ཕུད་བཟོ་ལས་ཁེ་ལས་ཆེ་འབྲིང་གཅིག་ཀྱང་མེད། ཡུལ་བབ་དང་བསྟུན་པའི་རྩ་དོན་ལྟར། ལྷོ་བྱང་རྒྱུད་ཀྱི་ཤང་གྲོང་ཁག་གི་ཁྱད་ཆོས་གཞིར་བཟུང་གྲོ་མོ་རྫོང་གིས་རྩྭ་ཐང་གི་རྩྭ་ཁ་རེས་སྐོར་དང་། རྩྭ་ར་ལོ་བསྙལ། རྩྭ་ཁ་བཀག་པ་བཅས་ཀྱི་སྲིད་ཇུས་ལག་ལེན་ནན་པོ་བསྟར་བ་དང་། ནགས་ཚལ་མེ་ཟོན་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཤིང་འཛུགས་ནགས་བཟོར་སྐུལ་འདེད་བཅས་བཏང་བ་མ་ཟད། རྫོང་གྲོང་དུ་རང་འགུལ་ཅན་གྱི་མཁའ་རླུང་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་པས། གྲོ་མོ་སྟོད་ཤང་ནས་རྫོང་གྲོང་བར་གྱི་སྣོད་བཅུད་བར་ཁྱམས་ཀྱི་སྣོད་བཅུད་ཕན་ནུས་རགས་ཙམ་ཐོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོ་མོ་རྫོང་གིས་སྣོད་བཅུད་ལས་གནས་1500ལྷག་ཙམ་དང་། གྲོང་ཚོའི(གྲོང་ལྷན)ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་ལས་གནས་50 མཉམ་དཔྱད་མཉམ་འགོག་ལས་གནས་84བཅས་བཙུགས་ཡོད། སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུ་དེ་གྲོ་མོ་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད།

    “སྡོད་ཁང་གསར་པ་དེ་སྔོན་ལས་སྐྱིད་སྣང་དོད་པ”

    “སྡོད་ཁང་གསར་པ་དེ་སྔོན་ལས་སྐྱིད་སྣང་དོད་པ་དང་། གང་དུ་བསྐྱོད་ཀྱང་འདམ་རྫབ་མེད་ལ། གད་སྙིགས་ཀྱང་གཅིག་གྱུར་ཐོག་གཙང་སེལ་བྱེད་ཀྱི་ཡོད་པས། གང་སར་གཙང་མ་གཙང་རྐྱང་ཡིན་པ་མ་ཟད། མཚན་མོ་ད་དུང་ལམ་སྒྲོན་ཡོད། ཡུལ་མི་རྣམས་ཀྱི་ཡོང་འབབ་མང་དུ་ཕྱིན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད”ཅེས་ལོ་62ལ་སོན་པའི་ནོར་བུ་བསྟན་དར་ལོ་བཞིའི་གོང་དུ་སྒང་གསུམ་གྲོང་གསར་དུ་སྤོས་པ་དང་། དེ་སྔོན་རི་སྟེང་དུ་བརྒྱབ་པའི་ཁང་པ་དེ་2011ལོར་ས་ཡོམ་རྒྱག་སྐབས་གཏོར་སྐྱོན་ཕོག་པ་རེད། ད་ཆའི་སྡོད་ཁང་གསར་པ་ཚན་རིག་དང་མཐུན་པ་གང་ཞིག་སྟབས་ཡང་བདེ་པོ་ཡོད། ཤེལ་ཁང་དུ་མེ་ཏོག་ཁོག་མ་མང་པོ་བཞག་འདུག་པ་དང་། རྒད་པོ་ཁོང་གི་ལས་ཀ་ནི་ཚ་བོ་ཚ་མོ་ལྟ་རྒྱུ་དེ་རེད།

    ཉེ་བའི་ལོ་ཤས་རིང་གྲོ་མོ་རྫོང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཤར་གསིང་མ་དང་། ཕག་རི། སྒང་གསུམ་གྲོང་གསར་བཅས་ཀྱིས་མཚོན་པའི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་། ཤར་རི་གྲོང་ཚོ་དང་མདོ་ཆེན་གྲོང་ཚོས་མཚོན་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་གཅིག་སྡུད་ཐོག་བསྐྲུན་ཡོད།

    མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་ཕྱིར། གྲོ་མོ་རྫོང་གིས་རྫོང་གྲོང་གི་ལམ་བུ་སྒྱུར་བཀོད་དང་། ཕག་རིའི་གྲོང་རྡལ་ཆུང་ངུའི་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་ཡོམ་རྗེས་བསྐྱར་སྐྲུན་དང་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་མང་དག་ཅིག་ལག་ལེན་བསྟར་བ་རེད།

    ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་ཕྱིར་གྲོ་མོ་རྫོང་གིས་བཙོག་ཆུ་གཙང་གསིང་ལས་གྲྭ་དང་། ཕག་རིའི་འཚོ་བའི་གད་སྙིགས་སྦས་ས། རྫོང་གྲོང་གི་ཆུ་མཁོ་འདོན་སོགས་རྣམ་གྲངས་ཁག་གཅིག་ལེགས་སྒྲུབ་བྱས་པ་རེད།

    རང་བྱུང་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་ཕྱིར་རིན་ཆེན་སྒང་མཐའ་མཚམས་ཚོང་དོན་ཁྲོམ་ར་དང་གྲོ་མོ་སློབ་འབྲིང་གི་སློབ་ཁྲིད་ཁང་ཆེན་སོགས་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ནང་དུ་གྲོ་མོ་རྫོང་གིས་སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་རྣམ་གྲངས་སྤྱད་ཡོད།

    2018ལོར་གྲོ་མོ་རྫོང་ལ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་གི་ཆོག་མཆན་ཐོབ་པ་དང་སྦྲགས། ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་ལ་རེ་ཞུ་ཕུལ་བར་ཆོག་མཆན་ཐོབ་ཡོད།

    གནམ་གཤིས་ཀྱི་ཐོན་ཁུངས་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་གྱུར།

    “དེ་ནི་2016ལོའི་ལོ་འགོར་གསོ་ཚགས་བྱས་པའི་ཉ་ཕྲུག་ཡིན་པ་དང་ལོ་གསུམ་གྱི་རྗེས་ལ་གཞི་ནས་རྒྱ་མ་2ཟིན་གྱི་རེད”ཅེས་བསོད་ནམས་སྟོབས་རྒྱལ་གྱིས་བརྗོད། ཁོང་གིས་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞིའི་ལག་རྩལ་མཛུབ་ཁྲིད་པ་ཞིག་ཡིན་པ་དང་། ཁོང་གིས་ས་གནས་མང་ཚོགས་ལ་གྲོ་མོའི་ཉ་གསོ་སྟངས་ཀྱི་ལག་རྩལ་ཁྲིད་ཀྱི་ཡོད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཁོ་ནར་རྟེན་གཞི་དེ་ནས་ཉ་ཁྲི་བཅུ་ཕྲག་འགའ་བཙོངས་པ་རེད།

    རྩ་ཆེའི་སྲོག་ཆགས་དེར་སྲུང་སྐྱོང་བྱེད་པ་དང་སྦྲགས། གྲོ་མོ་རྫོང་གིས་ལུགས་མཐུན་ངང་བེད་སྤྱོད་པའི་འཆར་གཞི་བཏོན་ནས། གྲོ་མོའི་ཉ་གསོ་ཚགས་ཀྱི་གཞི་ཁྱོན་ཇེ་ཆེར་བཏང་བ་བརྒྱུད་ནགས་ཁུལ་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ་རེད། 2014ལོར་རྫོང་ནས་མ་རྩ་སྒོར་ཁྲི་760བཏང་སྟེ་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞི་བསྐྲུན་པ་རེད། 2015ལོའི་ཟླ་5པར་གྲོ་མོ་རྫོང་གིས་སླར་ཡང་རྫོང་གི་ན་གཞོན་ལས་བྱེད་པའི་ནང་ནས་མི་བདུན་བདམས་ཏེ་ཧྲང་ཧའེ་རྒྱ་མཚོའི་སློབ་ཆེན་དུ་ཆེད་མངགས་ཉ་གསོ་སྤེལ་ལག་རྩལ་སྦྱོང་བར་མངགས་པ་དང་བསོད་ནམས་རྡོ་རྗེ་ཁོང་ཚོའི་གྲས་ཤིག་རེད།

    སྒྲིག་ཆས་མེད་དུས་རང་ཉིད་ཀྱིས་ལག་པ་སྒུལ་ནས་ཉ་ཕྲུག་གསོ་བ་དང་། ཉ་ཕྲུག་ཉུང་དྲགས་དུས་ཁོང་ཚོས་གཙང་པོ་ནས་འཚོལ་བར་འགྲོ་གི་ཡོད། གྲོ་མོའི་ནམ་དུས་གྲང་ཤོས་ཟླ་དང་པོར་ཡིན་པས། ཁོང་ཚོས་གྲང་ངར་ཆེ་བའི་གཙང་ཆུར་འཛུལ་ནས་ཚོད་ལྟ་བྱེད་ཀྱི་ཡོད། གསོ་རླུང་འཕྲུལ་འཁོར་གྱི་འུར་སྒྲ་ཆེ་ཐག་ཆོད་ནས་གཉིད་ཁུག་ཐབས་བྲལ་ཡང་ཁོང་ཚོས་འོད་འཕྲོ་ཐབས་སྤྱད་དེ་ཉ་ཕྲུག་འཚར་ལོངས་ཡོང་ཐབས་བྱེད་ཀྱི་ཡོད།

    མི་ལ་ལ་ཞིག་དཀའ་སྡུག་མ་ཐེག་པར་ཕྱིར་ལོག་པ་དང་། བསོད་ནམས་སྟོབས་རྒྱལ་དང་མི་གཞན་དག་འགའ་ཤས་ཀྱིས་རྒྱུན་འཁྱོངས་བྱས་ཡོད། ལོ་དེར། ཁོང་ཚོས་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་དང་མཉམ་དུ་གྲོ་མོའི་ཉ་ཕྲུག་ཁྲི་40ལྷག་གསོ་ཚགས་བྱས་པ་རེད། ད་ཆ། གྲོ་མོའི་ཉ་གསོ་སྤེལ་རྟེན་གཞིས་རྫོང་ཡོངས་ཀྱི་གསོ་ཚགས་ས་ཚིགས་ཁག་ལ་ཉ་ཕྲུག་མཁོ་འདོན་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

    དུས་ཡུན་རིང་པོའི་ནང་། གྲོ་མོ་རྫོང་གིས་དཔལ་འབྱོར་ནགས་ཚལ་ཐོན་ལས་འཕེལ་རྒྱས་བཏང་ནས། སྟར་ཁ་དང་ཀུ་ཤུ་དང་དེ་བཞིན་རྩ་ཆེའི་རྩི་ཤིང་དང་ལོ་ཏོག་འདེབས་འཛུགས་ཁྱབ་གདལ་ལ་འཚོལ་ཞིབ་བྱེད་པ་དང་། གྲོ་མོའི་ཉ་གསོ་ཚགས་ལས་རིགས་འཕེལ་རྒྱས་དང་ཉ་རིགས་རྩ་ཆེན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ལོ་ལྟར་མ་དངུལ་སྒོར་ཁྲི་30ལྷག་བཏང་ནས་གྲོ་མོའི་ཉ་ཕྲུག་གསོ་ཚགས་བྱས་པས། མང་ཚོགས་འབབ་འཕར་དང་སྣོད་བཅུད་འཛུགས་སྐྱོང་གཉིས་ཀར་ཕན་པ་ཐོབ་ཡོད་པ་རེད།

    གྲོ་མོའི་སྣོད་བཅུད་ཧ་ཅང་མཛེས། བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་འབད་འབུངས་ཧུར་བརྩོན་བྱེད་མཁན་མི་རྣམས་དེ་བས་མཛེས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།