[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རི་ཀླུང་སྔོ་ཞིང་དྭངས། ཡུལ་ལྗོངས་ལྟ་ན་སྡུག

    —— ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-29

    637049_yis_1561695501640_s.jpg

     འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁུལ་ཉེ་འདབས་ཀྱི་སྤྲོ་གསེང་སྤྱི་གླིང་ཡིན་པ།

    ཉེ་བའི་ལོ་ལྔའི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་ས་ན། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་36བྱས་པ་དང་། བྱེ་ཐང་དུ་གྱུར་པའི་ས་ཆ་མུའུ་ཁྲི་45བཅོས་སྐྱོང་བྱས་པ། ནགས་ཚལ་མུའུ་ཁྲི་18གསོ་སྐྱོང་བྱས་པ། དཔལ་འབྱོར་ལྗང་སོན་རྟེན་གཞི་མུའུ་ཁྲི་1ལྷག་ཙམ་བསྐྲུན་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་འཛུགས་སྐྲུན་རྣམ་གྲངས་70ལེགས་སྒྲུབ་བྱས་པ། རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་2.6དོན་འཁྱོལ་བཅས་བྱས་པ་རེད།

    མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁུལ་དུ་སྔོ་འར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་531.85ཟིན་པ་དང་། སྤང་ལྗོངས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་524.41ཟིན་ནས་སྔོ་ལྗང་ཁྱབ་ཚད་དང་སྤང་ལྗོངས་ཁྱབ་ཚད་42.55%དང་41.95%སོ་སོར་ཟིན་གྱི་ཡོད། 2018ལོའི་ལོ་མཇུག་བར། བྲག་ཡིབ་ཆུས་ལ་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ་པ་དང་། ཉིང་ཁྲི་གྲོང་ཁྱེར་ལ“རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ། ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)6དང་། ཤང་དང་གྲོང་ལ་44 སྲིད་འཛིན་གྲོང་ཚོ་395བཅས་ལ་སྔ་རྗེས་སུ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་དང་། ཤང(གྲོང་རྡལ)གྲོང་ཚོ་བཅས་ཀྱི་མིང་ཐོབ་ཡོད།

    ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་ནས་བཟུང་འཕེལ་རྒྱས་འགོར་ཙམ་བྱུང་ཡང་ཁོར་ཡུག་ལ་གཏོར་སྐྱོན་གཏོང་རྒྱུ་རིན་དོད་དུ་གཏན་ནས་མི་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ“གཏེར་ཁ”མི་སྔོག་པ་དང་། “ནགས་ཚལ”གང་བྱུང་དུ་མི་གཅོད་པ། “བཟོ་ལས”མི་གཉེར་བ། “སྦགས་བཙོག”ཅན་གྱི་GDPབརྩོན་ལེན་མི་བྱེད་པ་བཅས་མཐའ་འཁྱོངས་བྱེད་ཀྱི་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་སྤྱི་ཕན་ཤིང་ནགས་དོ་དམ་སྲུང་སྐྱོང་བྱ་ཐབས》དང《ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་ཕན་ཤིང་ནགས་ཀྱི་ཆེད་ལས་དོ་དམ་སྲུང་སྐྱོང་བའི་དཔྱད་ཞིབ་དོ་དམ་བྱ་ཐབས》ཧུར་ཐག་བཟོས་ནས་བཏོན་ཏེ་བྱ་ཐབས་ནན་པོས་རྡུང་རྡེག་དང་ཐབས་མང་མཉམ་སྤྱོད་ཀྱིས་ལྗོན་ཤིང་གང་བྱུང་དུ་གཅོད་པ་དང་། ཤིང་ནགས་ལ་གཏོར་སྐྱོན་དང་རྐུ་གཅོད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། རང་བྱུང་ཤིང་ནགས་མིན་པའི་ལས་གྲྭའི་ཁུལ་དང་གཞུང་ཁོངས་ནགས་རའི་རང་བྱུང་ཤིང་ནགས་ཚོང་ལས་རང་བཞིན་གྱིས་གཅོད་རྒྱུ་ཁྱོན་ཡོངས་ནས་མཚམས་བཞག་པས་རང་བྱུང་ཤིང་ནགས་ཐོན་ཁུངས་སྐྱེ་འཕེལ་དང་སླར་གསོ་བྱུང་ཡོད། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ར་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཏེ་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་ཆེད་དོན་བྱ་སྤྱོད་གསུམ་གཏིང་ཟབ་སྤེལ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགྲོ་གྲོན་གཏོང་ཤུགས་ལོ་རེ་བཞིན་འཕར་བའི་རྣམ་པ་མངོན་ཡོད། ཉེ་བའི་ལོ་ལྔའི་རིང་། རིམ་རྩིས་བྱས་ན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་བཏང་བའི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་9.95ཟིན་གྱི་ཡོད། བྱེ་རྡོ་ར་བ་དང་། སྔོན་བཟོས་བཟོ་གྲྭ ཚོང་ལས་ཨར་འདམ་གཡོ་ས། འཛུགས་སྐྲུན་ལས་ཡུལ་སོགས་གཙོ་གནད་ཁྱབ་ཁོངས་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བས་ཁོར་ཡུག་ཟང་ཟིང་གི་མངོན་གསལ་དོད་པའི་སྣང་ཚུལ་གཏན་འགོག་ནུས་ལྡན་ཐུབ་ཡོད། ཆུ(མཚོ)དཔོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཆུ(མཚོ)དཔོན་1104ཡིས་ནུས་པ་བཏོན་ནས་ཆུ་བོ་དང་མཚེའུ་དྭངས་ཤིང་གཙང་བའི་འགན་ལེན་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱི་གནམ་ཐང་རྒྱ་སྐྱེད་དང་། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན། ཉིང་ཁྲིའི་རིམ་མཐོའི་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་བསྐྲུན་པ་དང་སྐུལ་སྤེལ་བཏང་བ་དང་སྦྲགས། ཉིང་ཁྲིས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་ཚོད་འཛིན་བཟོ་བའི་འཇུར་མིག་སྔར་བས་བསལ་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་དང་སྣོད་བཅུད་ཡུལ་སྐོར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་དུད་ཚང་ཁྲི་སྟོང་མང་པོར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུའི་སྐུལ་ཁྲིད་བྱས་པས། དེ་སྔའི་རི་གྲོང་དབུལ་པོ་འབོར་ཆེན་ཞིག་གོམ་ཞེང་ཆེན་པོས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད། སྣོད་བཅུད་ཡུལ་སྐོར་ལས་རིགས་ནང་ཐད་ཀར་ཞུགས་པའི་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོཌ་དུད་ཚང་1500ཙམ་དང་མི་ཁྲི་3ལྷག་ཙམ་ཟིན་པ་དང་། སྣོད་བཅུད་ཞིང་འབྲོག་ལས་ཀྱིས་དུད་ཚང་ཁྲི་1.9ལྷག་ཙམ་དང་མང་ཚོཌ་ཁྲི་7.8ལྷག་ཙམ་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྐུལ་ཁྲིད་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་དུ་སྣོད་བཅུད་ལས་གནས་ཁྲི་3.24ལྷག་ཙམ་ཟིན་ནས་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་3500ཡོང་གི་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་སྔོ་ལྗང་དང་སྣོད་བཅུད་ལས་བྱུང་བའི་ཕན་བདེ་དེ་བས་མང་བ་ལོངས་སྤྱོད་ཐུབ་པས་ཚང་མ་མ་སྐུལ་དང་བླངས་ཀྱིས“ཤིང་གཅོད་མཁན”ནས“ཤིང་འཛུགས་མཁན”དང“ཤིང་སྲུང་མཁན”ལ་གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།