[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ཀྱིས་ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-26

    634945_yis_1561108197457_b.jpg

    ▲ཉེ་ཆར། སྣ་དཀར་རྩེ་རྫོང་གིས“སྦགས་བཙོག་ཉུང་གཏོང་གི་བྱ་སྤྱོད་སྤེལ་བར་བརྩོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་སྤེལ་ནས་ལས་བྱེད་པ་དང་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཁྲིད་སྟོན་བྱས་ཤིང་།འདི་ནི་རྫོང་དེའི་ལས་བྱེད་པ་དང་ལས་བཟོས་གད་སྙིགས་གཙང་སེལ་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྗོངས་ཡོངས་ཀྱི“ལས་དོན་ཆེན་པོ་གསུམ”དང“མཐའ་ཚད་གསུམ”གྱི་གྲས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཟབ་མོ་བཙུགས་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རིང་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད་པ་རེད། 2017ལོ་ནས་བཟུང་། རང་ལྗོངས་ཀྱིས་ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་ནས། ས་གཙང་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་ཅི་ཐུབ་བྱས་པ་རེད།

    ས་རྒྱུ་སྦགས་བཙོག་གི་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཤིང་། ས་རྒྱུའི་ཁོར་ཡུག་གཙོ་གནད་ལྟ་འདོམས་ཁེ་ལས་ཀྱི་མིང་ཐོ་བཟོས་ནས། གཏེར་ཁ་སྔོག་འདོན་དང་། སྨན་བཟོ་བ། ཤོག་བུ་བཟོ་བ་སོགས་ཀྱི་ཁེ་ལས་128ས་རྒྱུའི་ཁོར་ཡུག་གཙོ་གནད་ལྟ་འདོམས་བྱེད་ཁོངས་སུ་བཅུག་པ་དང་། གཙོ་གནད་ལས་རིགས་དང་ཁེ་ལས་ཀྱི་ས་སྤྱོད་གནས་ཚུལ་ལ་བརྟག་ཞིབ་དང་། ཆ་འཕྲིན་འཚོལ་བསྡུ། ཆ་འཕྲིན་འབེབས་འཇུག་སོགས་ཀྱི་ལས་དོན་སྤེལ་བ། ཁད་སོགས་ལྕགས་རིགས་ལྗིད་གྲས་དང་འབྲེལ་བའི་གཙོ་གནད་ལས་རིགས་དང་ཁེ་ལས་ལ་གྲལ་བཤེར་བཅོས་སྒྲིག་ལས་དོན་སྤེལ་ཞིང་། མིག་སྔའི་བར། ལྗོངས་ཡོངས་སུ་ལྕགས་རིགས་ལྗིད་གྲས་ཁེ་ལས་ལ་བཅོས་སྒྲིག་བྱེད་པའི་ལས་འགན་མེད་པ་རེད།

    བེད་མེད་འགྱིག་ཕོར་དང་འགྱིག་ཤོག་སོགས་བསྐྱར་སྐྱེས་བེད་སྤྱོད་ལས་རིགས་གཙང་སེལ་དག་ཐེར་གྱི་ལས་དོན་སྤེལ་ནས། ལྗོངས་ནང་ཁུལ་གྱི་འབྲེལ་ཡོད་ཁེ་ལས་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་ནན་པོ་བྱས་པ་རེད། གཏེར་རིའི་ས་གཤིས་ཁོར་ཡུག་སོགས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ལ་ལྟ་འདོམས་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་མཐའ་དག་རྒྱུན་སྲིང་དང་། སྒྱུར་བཅོས། ནང་བཤུག་བཅས་བྱེད་མཚམས་བཞག་པ་རེད།

    གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། 《བོད་རང་སྐྱོང་ལྗོངས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་གི་ལྟ་སྐུལ་དཔྱད་ཞིབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》དང《བོད་རང་སྐྱོང་ལྗོངས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་བཅོས་སྒྲིག་ཚད་ལྡན་ཅན་གྱི་དོ་དམ་དཔྱད་ཞིབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་གཉེར་སྐྱོང་ལ་ལྟ་སྐུལ་དཔྱད་ཞིབ་སྔར་བས་ཡག་པོ་བྱས་པ་རེད།

    ཚད་ལྡན་མིན་པའི་གད་སྙིགས་སྤུངས་ས་བཅོས་སྒྲིག་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། 《བོད་རང་སྐྱོང་ལྗོངས་ཚད་ལྡན་མིན་པའི་གད་སྙིགས་སྤུངས་ས་གྲལ་བཤེར་བཅོས་སྒྲིག་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་པ་དང་། 2017ལོའི་ཟླ་བདུན་པར་གྲལ་བཤེར་མཐིལ་རྟོགས་ལས་དོན་ལེགས་གྲུབ་ཐུབ་པ་དང་། རྫོང་དང་ཆུས་61གིས་ཚད་ལྡན་མིན་པའི་གད་སྙིགས་སྤུངས་ས་གྲལ་བཤེར་ཞིབ་བསྡུར་དང་ཆ་འཕྲིན་སྐོང་ཞུའི་ལས་དོན་ལེགས་སྒྲུབ་བྱས་པ་རེད།

    སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་གྱིས་འགྱིག་ཤོག་གི་སྦགས་བཙོག་རིམ་བཞིན་མེད་པར་བཟོས་ནས་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱས་པ་རེད།

    ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་འབྲོག་ཁུལ་གྱི་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་དང་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་བས། གྲོང་ཚོའི་ཁོར་ཡུག་གཙང་ཞིང་གྲལ་འགྲིག་ལ་ཞིང་ལས་སྦགས་བཙོག་གི་འབྱུང་རྩ་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། མིག་སྔར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་དང་། སྡེ་ཚན་ཁག་གིས་ཇུས་གཞི་དང་ལས་འགན་གཞིར་བཟུང་འབྲེལ་ཡོད་ལས་དོན་སྤེལ་བཞིན་ཡོད་པ་རེད།

    634944_yis_1561108197238_b.jpg

    ▲ཉེ་བའོ་ལོ་ཤས་ནང་། ཆབ་མདོ་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྣང་ཆེན་བྱེད་པ་དམངས་འཚོ་དང་འབྲེལ་བའི་དོན་ཆེན་ལ་བརྩིས་ཏེ་དམ་འཛིན་ལྷོད་མེད་བྱས་ཤིང་། འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་རྟོབ་ཞིབ་ཚོགས་ཆུང་གིས་རི་བོ་ཆེ་རྫོང་དུ་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་མཛུབ་ཁྲིད་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།