[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • དམག་མིའི་ཚད་གཞིའི་ཐོག་ནས་བདག་ཏུ་མ་བཟུང་བའི་སྲོག་ཆཌ་སྲུང་སྐྱོང་ལས་དོན་ལེགས་པར་བསྒྲུབས་པ།

    —— 2018ལོའི་སི་པཱ་ལུའུ་སྣོད་བཅུད་སྲུང་སྐྱོང་བྱ་དགའ་ཐོབ་མཁན་ཕུར་བུ་བཀྲ་ཤིས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-26

    ཐོ་རེངས་ཀྱི་ཆུ་ཚོད་བདུན་དང་ཕྱེད་ཀར། ཨ་མདོ་རྫོང་གྲོང་སྔར་བཞིན་ལྷིང་འཇགས་ཀྱི་སྐྱ་རེངས་ཁྲོད་འཇམ་ཐིང་ངེར་གནས། དེ་དུས་ཧྥུང་ཐན་རྟགས་ཅན་གྱི་བྱེས་བགྲོད་རླངས་འཁོར་ཞིག་ཨ་མདོ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་སྒོ་ར་ནས་ག་ལེར་ཐོན།

    རླངས་འཁོར་ནང་ཕུར་བུ་བཀྲ་ཤིས་དང་ཁོང་གི་ལས་རོགས་གཉིས་ཡོད་པ་དང་། ཁོང་ཚོའི་དམིགས་ས་ནི་གཙོད་གནས་སྤོ་ཁུལ་ཡིན་པ་རེད།

    བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ས་བབ་མཐོ་ཚད་སྨི་5000ཡོད་པའི་བྱང་ཐང་དུ་ཆགས་ཤིང་། དེ་གར་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་མན་ཡིན་པ་དང་མཁའ་རླུང་ཁྲོད་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་ཕྱེད་ཀ་ཡང་ཟིན་གྱི་མེད། ཁོར་ཡུག་སྡུག་པོ་དེ་ལྟ་བུའི་ནང་ཕུར་བུ་བཀྲ་ཤིས་དང་འདྲ་བའི“བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པས”ལོ་མང་ལས་གནས་བརྟན་སྲུང་བྱེད་བཞིན་མཆིས།

    “ང་ཆུང་དུས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ཧ་ཅང་དགའ་པོ་ཡོད། འོན་ཀྱང་དེ་སྔོན་རི་མོ་དང་ཡི་གེའི་ཁྲོད་ནས་རྒྱུས་ལོན་བྱེད་པ་ཙམ་རེད། 2003ལོར་དཔུང་སྡེ་ནས་ཕྱིར་འཐེན་བྱས་རྗེས་ང་རང་ཨ་མདོ་རྫོང་དར་མདུད་ཤང་དུ་ལས་བགོས་བརྒྱབ་པ་དང་། 2011ལོར་སླར་ཡང་ཨ་མདོ་རྫོང་རང་བྱུང་ཐོན་ཁུངས་ཅུས་སུ་ལས་སྒྱུར་བྱས་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྐོར་གཡེང་དང་སྲུང་སྐྱོང་གི་ལས་ཀ་བྱས་པ་ཡིན”ཞེས་ས་སྐྱེས་རྡོ་སྐྱེས་ཀྱི་ཨ་མདོ་བ་དེས་གསར་འགོད་པར་བཤད་བྱུང་།

    ལོ་ལྟར་གྱི་ཟླ་10པར་ཨ་མདོ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་དུ་དྲག་ཆས་སྐོར་གཡེང་ཆེ་གྲས་ཀྱི་ལས་དོན་སྤེལ་གྱི་ཡོད། སྐོར་གཡེང་བྱེད་རིམ་བཞིན་མི་མེད་ཁུལ་དུ་འགྲོ་དགོས། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་ཆེ་བས་སྐོར་གཡེང་ཆ་ཚང་གཅིག་བྱེད་པར་ཉིན་20ལྷག་ཙམ་འགོར་བ་མ་ཟད། ལམ་ཐག་སྤྱི་ལེ་5000ཙམ་ཡོད་པས་མིའི་གཟུགས་གཞིར་འགྲན་སློང་ཧ་ཅང་ཆེ།

    ཕུར་བུ་བཀྲ་ཤིས་ཀྱིས་དཀའ་བ་ཆེ་ཡང་ཕྱིར་བཤོལ་མི་བྱེད་པར། ནམ་དུས་གང་ཡིན་ཡང་ལམ་ཐག་རིང་བའི་སྐོར་གཡེང་ཚང་མར་ཧུར་ཐག་གིས་ཞུགས་ཀྱི་ཡོད།

    “ཕྱི་རོལ་དུ་སྐོར་སྐྱོད་བྱེད་རིམ་བཞིན་ཞོགས་སྔ་པོ་ནས་མ་ཐོན་ཚེ། ཉིན་དེར་མི་མེད་ཁུལ་དུ་འབྱོར་མི་ཐུབ། མ་གཞི་ཐག་ཉེ་ཤོས་ཀྱི་དོ་དམ་ས་ཚིགས་དང་སྤྱི་ལེ་150ལས་མེད་རུང་། དེར་བསྐྱོད་པར་རྒྱུན་དུ་ཉིན་གཅིག་འགྲོ་དགོས”ཞེས་ཕུར་བུ་བཀྲ་ཤིས་ཀྱིས་བཤད།

    ལས་ཀ་བྱེད་རིང་ཕུར་བུ་བཀྲ་ཤིས་དང་ལས་རོགས་ཚོར་ཉམས་མྱོང་སྣ་ཚོགས་བྱུང་ཡོད་དེ། “སྤྲིན་ལ་བལྟས་ནས་གནམ་གཤིས་བརྟག་པ”ནི་དེའི་ནང་གི་གྲས་ཤིག་རེད། “གནམ་གཤིས་ལ་འགྱུར་ལྡོག་བྱུང་བ་ལས་བྱ་རིགས་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་གནས་སྤོ་རྒྱུར་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད། གལ་ཏེ་དུས་ཐོག་ཏུ་སྐོར་གཡེང་དང་རོགས་སྐྱོབ་མ་བྱས་ཚེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་བོ་ཤི་འགྲོ། གནམ་གྱི་མཐར་སྤྲིན་པ་མང་པོ་འཁོར་བ་མཐོང་རིམ་བཞིན་འཕྲལ་དུ་སྐོར་གཡེང་ལ་འགྲོ་བའི་གྲ་སྒྲིག་བྱེད་ཀྱི་ཡོད”ཅེས་ཕུར་བུ་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད་བྱུང་།

    ཅུས་ཀྲང་ལྷག་པའི་སྣང་ངོར་ཕུར་བུ་བཀྲ་ཤིས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་ཞིག་རེད། “ལོ་ལྟར་བྱ་རིགས་གནས་སྤོ་བྱེད་པའི་སྔ་རྗེས་སུ་ནད་ཡམས་ཐོན་སྲིད་པས། ང་ཚོའི་ཅུས་ཀྱིས་མི་སྣ་བཀོད་སྒྲིག་བྱས་ཏེ་རྒྱལ་མཚམས་ནང་ཁུལ་གྱི་བྱ་གླིང་ལ་དུག་སེལ་བྱེད་ཀྱི་ཡོད། དུག་སེལ་བྱེད་ཁྱོན་ཆེ་བས་དུག་སེལ་ཐེངས་གཅིག་བྱེད་པར་ཉུང་ཤོས་ལ་ཉིན་གསུམ་འགོར་གྱི་ཡོད། ཕུར་བུ་བཀྲ་ཤིས་ཀྱིས་རྟག་ཏུ་རང་འགུལ་ངང་དུག་སེལ་ལས་ཀར་ཞུགས་རྒྱུའི་རེ་བ་འདོན་པ་མ་ཟད། ཆེད་མངགས་ལས་ཀ་བཙོག་ཤོས་དང་དཀའ་ལས་ཁག་ཤོས་གདམ་ག་བྱེད་ཀྱི་ཡོད། ཁོང་གིས་དེ་ལྟ་བུའི་ལེགས་སྐྱེས་ཕུལ་བ་ལས་ཨ་མདོ་རྫོང་ལ་སྔར་ནས་ད་བར་གཞི་ཁྱོན་ཆེ་བའི་བྱ་རིགས་ཀྱི་ནད་ཡམས་ཐོན་མྱོང་མེད”ཅེས་ལྷག་པས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།