[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཇོ་མོ་གླང་མའི་ཀྲུང་གོའི་བོད་ལྗོངས་ས་ཁོངས་ཀྱི་རི་འཛེག་བྱེད་སྒོའི་གད་སྙིགས་རིགས་དབྱེ་གཙང་སེལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-19

    633646_yis_1560834116666.jpg

    འདི་ནི་ཇོ་མོ་གླང་མའི་ཁོར་ཡུག་སྲུང་སྐྱོང་རུ་ཆེན་གྱིས་སྒར་ས་ཆེ་མོའི་གད་སྙིགས་རླངས་འཁོར་དུ་བླུགས་ནས་དིང་རི་རྫོང་ཡུལ་སྐོར་སྒར་ས་ཆེ་མོའི་གད་སྙིགས་ས་ཚིགས་སུ་དབོར་བཞིན་ཡོད་པ།

    633647_yis_1560834116962.jpg

     འདི་ནི་སྣེ་ཤན་པས་ས་བབ་མཐོ་ཚད་སྨི་6500ཡོད་པའི་ཇོ་མོ་གླང་མའི་སྒར་ས་ཆེ་མོར་གད་སྙིགས་རྒྱ་མར་འདེགས་པ།

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། 2019ལོའི་དཔྱིད་དུས་ཀྱི་ཇོ་མ་གླང་མའི་བྱང་འདབས་ཏེ་ཀྲུང་གོའི་བོད་ལྗོངས་ས་ཁོངས་ཀྱི་རི་འཛེག་བྱེད་སྒོ་ཉིན་ཤས་གོང་མཇུག་འགྲིལ་བ་དང་འབྲེལ་ཡོད་ཀྱི་མཇུག་བསྡུའི་ལས་དོན་སྒྲུབ་བཞིན་ཡོད་པ་རེད། ཉིན་ཤས་གོང་གསར་འགོད་པར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་གསལ། 2019ལོའི་དཔྱིད་དུས་ཀྱི་ཇོ་མོ་གླང་མའི་བྱང་འདབས་ཀྱི་རི་འཛེག་བྱེད་སྒོའི་གད་སྙིགས་རིགས་དབྱེ་བསྡུ་རུབ་བྱས་ཤིང་། འཚོ་བའི་གད་སྙིགས་དང་རི་འཛེག་གི་གད་སྙིགས་ཏུན་13ཙམ་གཙང་སེལ་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཚོ་བའི་གད་སྙིགས་ནང་ཟས་ལྷག་དང་། བཙོག་གཅིན། འཚོ་བའི་བཙོག་ཆུ་སོགས་ཚུད་ཡོད་པ་མ་ཟད། རི་འཛེག་གི་ཐག་པ་རྙིང་པ་དང་། རི་འཛེག་གི་གུར་རྙིང་པ། སོལ་རླངས་དབུགས་རིལ་རྙིང་པ། གསོ་རླུང་དམ་བི། གློག་རྫས་སོགས་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་ཟླ་4ཚེས་2ཉིན་ནས་བཟུང་རི་འཛེག་ཚོགས་པ་བསྟུད་མར་རི་འཛེག་གི་སྒར་ས་ཆེ་མོར་བཅའ་སྡོད་བྱས་ཚུན། བོད་རང་སྐྱོང་ལྗོངས་རི་འཛེག་དོ་དམ་སྡེ་ཚན་གྱིས་གད་སྙིགས་རིགས་དབྱེ་གཙང་སེལ་གྱི་ལས་དོན་སྒྲུབ་འགོ་བརྩམས་ཡོད། བོད་རང་སྐྱོང་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་ཇོ་མ་གླང་མའི་ཁུལ་དུ་འབྲེལ་གཏུག་དཔོན་4བཀོད་སྒྲིག་བྱས་ཡོད་པའི་ནང་ནས་གཅིག་གིས་ཆེད་མངགས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ས་བབ་སྨི་5200ཟིན་པའི་རི་འཛེག་གི་སྒར་ས་ཆེ་མོར་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་ས་བབ་མཐོ་བའི་གནམ་གཤིས་ཧ་ཅང་སྐྱོ་པོར་འཚམ་པའི་གད་གཞོང་དང་བཙོག་ཆུ་བླུགས་སྣོད་སོགས་བཞག་ཡོད་པ་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོང་གི་གད་གཞོང་ཆེད་མངགས་བཟོས་ནས་འདི་ལོར་བཅའ་སྡོད་བྱས་པའི་རི་འཛེག་ཚོགས་པ་9ལ་རིན་མེད་ངང་སྤྲད་ཡོད་པ་རེད། རི་འཛེག་ཚོགས་པས་ཟས་ལྷག་དང་། འཚོ་བའི་བཙོག་ཆུ། ཐ་མག་གི་རོ་ཏོ་སོགས་རིགས་དབྱེ་བསྡུ་རུབ་བྱས་པ་དང་སྦྲགས། ཇོ་མོ་གླང་མའི་རི་མཐོའི་ཁོར་ཡུག་སྲུང་སྐྱོང་རུ་ཆེན་གྱིས་ཉིན་ལྟར་གཅིག་གྱུར་ཐོག་བསྡུ་རུབ་བྱས་ཏེ་ལས་ཀའི་རྩིས་ཁྲ་བཟོ་གི་ཡོད། དོ་དམ་སྡེ་ཚན་གྱིས་ས་བབ་སྨི་7028(སྨི་7028ཚུད)མན་གྱི་སྒར་ས་བཞིར་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་བཙུགས་ནས་བཙོག་གཅིན་ལོགས་སུ་བསྡུ་རུབ་བྱེད་ཀྱི་ཡོད་པ་རེད།

    ས་བབ་མཐོ་བའི་སྒར་ས་ཁག་ཏུ་སྒར་ས་ཆེ་མོ་དང་འདྲ་བར་འཚོ་བའི་གད་སྙིགས་བསྡུ་རུབ་བྱེད་ཀྱི་ཡོད། རི་འཛེག་མཁན་གྱིས་སྨི་7500ལས་བརྒལ་བའི་ས་ཁོངས་སུ་སྤྱིར་ན་བཙོག་གཅིན་མི་གཏོང་བའི་དབང་གིས་ས་བབ་མཐོ་སའི་སྒར་ཁུལ་དུ་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་བཙུགས་མེད། རི་རྩེ་ནས་ཁུར་ཡོང་བའི་རི་འཛེག་གི་ཐག་པ་དང་གུར་རྙིང་པ་དང་། སོལ་རླངས་དབུགས་རིལ་རྙིང་པ། གསོ་རླུང་དམ་བི། གློག་རྫས་སོགས་རི་འཛེག་གི་གད་སྙིགས་དག་ས་བབ་སྨི་6500ཟིན་པའི་སྒར་སར་ལྗིད་ཚད་རྒྱ་མར་འགྱོག་གི་ཡོད་པ་རེད།

    བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བས་རི་འཛེག་བྱེད་སྒོར་ཐོན་པའི་གད་སྙིགས་ཚང་མ་དབོར་འདྲེན་བྱས་ཟིན། འཚོ་བའི་གད་སྙིགས་དག་རི་འཛེག་དོ་དམ་སྡེ་ཚན་གྱིས་ས་གནས་ཀྱི་ཇོ་མོ་གླང་མ་དོ་དམ་ཅུས་ལ་གཙང་སེལ་བྱ་རྒྱུར་རྩིས་སྤྲད་པ་དང་། ཟས་ལྷག་གད་སྙིགས་དང་བཙོག་གཅིན་དག་ས་གནས་ཀྱི་ཞིང་འབྲོག་པས་ཁྱིམ་དུ་དབོར་ནས་ཕྱུགས་རིགས་ལ་སྟེར་བའམ་ཡང་ན་ཁྱིམ་ལུད་བཟོ་བ། གུར་དང་གསོ་རླུང་དམ་བི་སོགས་རི་འཛེག་གི་གད་སྙིགས་དག་ལྷ་སར་དབོར་ནས་ཚུར་བསྡུ་བསྐྱར་སྤྱོད་བྱེད་ཀྱིན་ཡོད་ཅེས་བརྗོད་པ་རེད།

    གཞན་ཡང་ཇོ་མོ་གླང་མའི་རྒྱུད་ཀྱི་ཞིང་འབྲོག་པ་གད་སྙིགས་དབོར་འདྲེན་ནང་ཞུགས་ནས་ཡོང་འབབ་བྱུང་བ་མ་ཟད། རི་མཐོའི་ཁོར་ཡུག་སྲུང་སྐྱོང་རུ་ཆེན་ནང་ཞུགས་ནས་ཆེད་བསྐོས་ཁོར་ཡུག་སྲུང་སྐྱོང་ལས་དོན་པར་གྱུར་ཏེ་གླ་ཕོགས་ལེན་རྒྱུ་ཡོད་ལ། རི་འཛེག་སྣེ་ཤན་པས་ས་བབ་མཐོ་ས་ནས་རི་གཤམ་བར་རི་འཛེག་གི་གད་སྙིགས་འཁྱེར་ཡོང་བར་ལྗིད་ཚད་ལ་གཞིགས་ནས་ཐོབ་ཆ་སྤྲོད་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།