[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ།

    —— ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

    625036_yis_1558583143259_b.jpg

    སྤོ་བོ་རྫོང་རྒུ་ཤང་རྒུ་གྲོང་ཚོས་རྒྱལ་ལམ་318ལམ་བརྒྱུད་ཀྱི་འགྲིམ་འགྲུལ་ལེགས་ཆར་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒྱལ་ལམ་གྱི་འགྲམ་དུ་ཁྱིམ་ཚང་མགྲོན་ཁང་བསྐྲུན་ནས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། 2018ལོར་རྒུ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་4ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་ཡུལ་སྐོར་ཞབས་ཞུ་དང་། འགྲུལ་སྐྱེལ། ཡུལ་སྐོར་ཐོན་རྫས་ཕྱིར་ཚོང་སོགས་བྱས་པ་བརྒྱུད་ཡོང་འབབ་སྒོར་ཁྲི་410ལྷག་ཙམ་བྱུང་ཞིང་། འདི་ནི་རྒུ་ཤང་གི་མཚོ་འགྲམ་དུ་ཡོད་པའི་རྒྱལ་ལམ་318ཉེ་འགྲམ་གྱི་ཁྱིམ་ཚང་མགྲོན་ཁང་ཡིན་པ།

    “འདི་གར་འཚོ་བ་ཧ་ཅང་ཡག་པོ་འདུག ཡུལ་ལྗོངས་མཛེས་པའི་ཁར་ཡོང་འབབ་ཀྱང་མང་པོ་ཡོང་གི་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་ཤང་གི་ལྷ་མོས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད། ཉེ་བའི་ལོ་ཤས་རིང་། སླད་ཤང་གི་ཡུལ་སྐོར་ལས་རིགས་རིམ་བཞིན་དར་རྒྱས་ཕྱིན་པ་དང་བསྟུན་ནས་ལྷ་མོས་ཨ་ནེའི་སྐུལ་ལྕག་འོག་སླད་ཤང་དུ་ཡོང་སྟེ་ཨ་ནེའི་ཁང་པའི་ནང་ཟ་ཁང་ཆུང་ཆུང་ཞིག་བཙུགས་པ་རེད།

    རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བར་བརྟེན་ནས་ལྗོངས་ཡོངས་སུ་ལྷ་མོ་ལྟ་བུའི་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བྱུང་བའི་ཞིང་འབྲོག་མང་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ན་ནིང་ལྗོངས་ཡོངས་ཀྱི་གྲོང་གསེབ་ཏུ་ཡུལ་སྐོར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་935ཟིན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་12བྱུང་ཡོད། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར་དངོས་སུ་གྱུར་པ་རེད།

    རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་པོ་འཛུགས་པ།

    ཉིན་དེ་དག་རིང་། ལོ་30ལྷག་ཙམ་ལ་སླེབས་པའི་བུ་ཚེ་རིང་བྲེལ་བརྩོན་ཆེན་པོ་བྱེད་ཅིང་། ཁོང་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གི་ནགས་སྲུང་བ་ཞིག་ཡིན་པ་དང་། ཉིན་ལྟར་གྱི་ལས་འགན་ནི་ནགས་ཚལ་ལ་སྐོར་གཟིགས་བྱ་རྒྱུ་དེ་ཡིན་པའི་ཁར། ཉེ་ཆར་ད་དུང་ཤང་གི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ལྕང་མ་འཛུགས་པ་དང་ཆུ་རྒྱག་པ་སོགས་བྱས་ཡོད། “ནགས་ཚལ་ལ་སྲུང་སྐྱོང་བྱས་པ་ནི་ང་ཚོའི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱས་པ་ཞིག་ཡིན་པས་སྲིད་གཞུང་གིས་ད་དུང་ང་ཚོར་ཁ་གསབ་དངུལ་སྤྲད་སྟབས་ངས་རང་ནུས་ཡོད་རྒུས་རང་ཉིད་ཀྱི་ལས་ཀ་ཡག་པོ་སྒྲུབ་རྒྱུ་ཡིན”ཞེས་བུ་ཚེ་རིང་གིས་བརྗོད།

    ལྗོངས་ཡོངས་སུ་བུ་ཚེ་རིང་གི་ལས་གནས་ལྟར་གྱི་སྣོད་བཅུད་ལས་གནས་ཁྲི་60ལྷག་ཙམ་ཡོད་པ་དང་ལྗོངས་ཡོངས་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཡོད་པའི་རི་ཀླུང་སྲུང་སྐྱོང་བྱེད་བཞིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བའི《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྱོང་གི་འཆར་གཞི》ལག་བསྟར་གཏིང་ཟབ་བྱས་པ་བརྒྱུད་རང་ལྗོངས་ཀྱིས་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་107དོན་འཁྱོལ་བྱས་ནས་ཕྱུགས་བཀག་རྩྭ་གསོ་དང་། འདམ་ར་སྲུང་སྐྱོང་། ནགས་ཚལ་སྲུང་སྐྱོང་མ་ལག་འཛུགས་སྐྲུན་སོགས་ཀྱི་རིགས་ཆེན་པོ་3གྱི་གཙོ་གནད་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་10ལག་བསྟར་བྱས་པ། 

    གཙོ་གནད་སྣོད་བཅུད་ནུས་ཁུལ་ཕྱོགས་སྒྱུར་གཏོང་སྤྲོད་དང་། ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའ། འདམ་རའི་སྣོད་བཅུད་ཕན་འབྲས་ཁ་གསབ་སོགས་སྣོད་བཅུད་ཁ་གསབ་ལམ་སྲོལ་བཙུགས་ནས་རིམ་རྩིས་ལྟར་ན་རིགས་ཁག་གི་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་316དོན་འཁྱོལ་བྱས་ཡོད། དུས་མཚུངས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། གྲོང་རྡལ་གྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་བ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལག་བསྟར་སོགས་བྱས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་བཏང་ཡོད་པ་རེད།

    སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ།

    མཛེས་སྡུག་ལྡན་པའི་བོད་ལྗོངས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། རང་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་པོར་དམིགས་ནས་སྣོད་བཅུད་གྲོང་ཚོ་དང་། སྣོད་བཅུད་ཤང་གྲོང་། སྣོད་བཅུད་རྫོང་། སྣོད་བཅུད་གྲོང་ཁྱེར(ས་ཁུལ)སོགས་ཀྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལས་གྲྭ་གཙོ་བོ་འཛུགས་སྐྲུན་ལས་འགོ་ཕྱོགས་ཡོངས་ནས་བཙུགས་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་གྲོང་ཁྱེར་གྱི་དཔྱད་ཞིབ་ཞིབ་བཤེར་རྩིས་ལེན་ཐུབ་པ་དང་། ལྷོ་ཁ་དང་། ཉིང་ཁྲི། གཞིས་རྩེ་བཅས་གྲོང་ཁྱེར་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་དུ་བཅུག་པ་དང་། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་2373དང་། སྣོད་བཅུད་ཤང་གྲོང་213 སྣོད་བཅུད་རྫོང་17བཅས་ལ་མིང་བཏགས་པ་རེད། ཉིང་ཁྲི་གྲོང་ཁྱེར་དང་། བྲག་ཡིབ་ཆུས། གྲོ་མོ་རྫོང་བཅས་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་གྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང་བཏོད་པ་རེད།

    ལོ་10ལྷག་ཙམ་གྱི་སྣོད་བཅུད་འཛུགས་སྐྱོང་གི་ལས་དོན་བརྒྱུད། རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་སྣོད་བཅུད་ཤེས་དཔལ་འདུ་ཤེས་རིམ་བཞིན་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཕྱོགས་ཡོངས་ནས་སྐྲུན་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།

    བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཁོར་ཡུག་དང་འཕེལ་རྒྱས་ཕྱོགས་བསྡུས་ཀྱི་ཐབས་ཇུས་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཐོག་རིམ་ཁག་སྡེ་ཚན་ཁག་གིས་གསར་སྤེལ་འཛུགས་སྐྲུན་གྱི་བྱེད་སྒོར་ཚོད་འཛིན་ནན་པོ་བྱས་ནས་གཏེར་ཐོན་ཐོན་ཁུངས་གསར་སྤེལ་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”ཞིབ་མཆན་འགོད་པ་དང་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་བསྟར་བྱས་ནས་ཕྱོགས་ཡོངས་ནས་བྱེ་གསེར་གཏེར་ཁ་སྔོག་འདོན་བཀག་འགོག་བྱས་པ་དང་། སྣོད་བཅུད་སྲུང་སྐྱོང་སྔོན་འགྲོའི་འོག་གོ་རིམ་ལྡན་པའི་ངང་ཆུ་གློག་ཐོན་ཁུངས་གསར་སྤེལ་བྱས་པ་དང་། གཙོ་གནད་ཐོན་ཁུངས་གསར་སྤེལ་དང་གཙོ་གནད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྣོད་བཅུད་ལྟ་འདོམས་ནན་པོ་བྱས་ཏེ་གསར་སྤེལ་འཛུགས་སྐྲུན་བྱས་པ་ལས་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་བཏང་སྟེ་དོན་ངོ་མའི་ཐོག་ནས་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་དང་། འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་ཐུབ་པ་དང་དཔལ་འབྱོར་འཛུགས་སྐྲུན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱས་པ་རེད།

    ཀྲུང་གོ་ཚན་རིག་ཁང་དང་འབྲེལ་ཡོད་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་གྱི་ཚོད་སྐོར་ལས་མངོན་གསལ། བོད་ལྗོངས་ས་མཐོའི་རིགས་ཁག་གི་སྣོད་བཅུད་མ་ལག་གྲུབ་ཆ་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་དང་། སྣོད་བཅུད་སྤུས་ཚད་བརྟན་ཐོག་ལེགས་པོ་ཡོད་ཅིང་། ཆུ་དང་། རླུང་ཁམས། འཛེར་སྒྲ ས་རྒྱུ། འགྱེད་འཕྲོ། དེ་བཞིན་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཚང་མ་ཡག་པོ་ཡོད་པ་དང་། གྲོང་རྡལ་གཙོ་བོའི་ཁོར་ཡུག་གི་མཁའ་རླུང་ལེགས་ཚད་95%ཡན་ཟིན་ཡོད། ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ཡར་འབྲོག་གཡུ་མཚོ་སོགས་ཀྱི་གཙང་པོ་དང་། ཆུ། མཚོ་བཅས་གཙོ་བོའི་ཆུའི་སྤུས་ཚད་རིམ་པ་དང་པོ་དང་དང་པོའི་རིགས་ཀྱི་ཆུ་ཁོངས་ཚད་གཞིར་རྒྱུན་འཁྱོངས་ཐུབ་ནས་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཡག་ཏུ་ཕྱིན་ནས་དྲི་ངན་མཐོང་རྒྱུ་མེད། ལྗོངས་ཡོངས་ཀྱི་ནགས་ཚལ་དང་། རྩྭ་ར། འདམ་ར། འཁྱག་རོམ། གངས་རི། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སོགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་དང་ས་ཁོངས་མང་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་ཡོད།



    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།