[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • གྲ་ནང་རྫོང་གི་སྣོད་བཅུད་དམངས་ཕྱུག་ལམ་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-10

    དཔྱིད་དཔལ་རབ་ཏུ་བཞད་པའི་དུས་འདིར། བོད་ལྗོངས་རྩྭ་སྔོན་སྣོད་བཅུད་ཚན་རྩལ་ཚད་ཡོད་ཀུང་སིར་སྐྱོད་སྐབས་གཞུང་ལམ་རྒྱ་ཆེ་ཞིང་གྲལ་འགྲིག་པ་དང་། སྡོང་ཕྲུག་གི་ལོ་འདབ་རྒྱས་ཤིང་མེ་ཏོག་ལྷུག་པོར་བཞད་པ་ལ་སོགས་སྐྱེ་སྟོབས་ཀྱི་དཔལ་འབར་ནས་དཔྱིད་ཀྱི་མཛེས་སྡུག་མཐོང་ལམ་དུ་ལྷམ་མེར་འཆར་འོང་།

    གྲ་ནང་རྫོང་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་པས་བྱེ་རླུང་ཆེ་ཙམ་ལྡང་གི་ཡོད། དེ་སྔ་ས་ཆ་དེ་ཐང་རྒོད་ཡིན་ཞིང་། 2016ལོར་གྲ་ནང་རྫོང་གིས“ལྗང་མདོག་འཕེལ་རྒྱས་ལ་མཐོང་ཆེན་དང་། སྣོད་བཅུད་ལ་བརྟེན་ནས་དམངས་ཕྱུག་གི་ལམ་བུར་བསྐྱོད་དེ། ‘སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི’འདུ་ཤེས་ལྷོ་ཁའི་ཡར་ཀླུང་གཙང་པོའི་བྱང་ངོགས་ས་ཁུལ་དུ་གསོན་ཉམས་ལྡན་པའི་ངང་ལག་ལེན་བསྟར་རྒྱུའི”ཐབས་ཇུས་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་ཀྱི་གནས་གཏན་འཁེལ་གྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་གོ་སྐབས་སུ་བཟུང་ཞིང་། ནང་སོག་རྩྭ་སྔོན་ཚོགས་པ་ནང་འདྲེན་བྱས་ཏེ་བོད་ལྗོངས་རྩྭ་སྔོན་སྣོད་བཅུད་ཚན་རྩལ་ཚད་ཡོད་ཀུང་སི་ཐོ་བཀོད་བྱས་ནས་བཙུགས་པ་མ་ཟད། རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་དང་། རང་སྐྱོང་ལྗོངས་ནགས་ལས་ཐིང་། བོད་ལྗོངས་རྩྭ་སྔོན་ཀུང་སི་བཅས་སོ་སོས་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོར་མུའུ་ཁྲིའི་སྡོང་ཕྲུག་ར་བའི་རྟེན་གཞི་བསྐྲུན་ཏེ་ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་སྡོང་ཕྲུག་ར་བའི་ཚན་ཞིབ་ལྟེ་གནས་ཆེ་ཤོས་དེ་བཙུགས་པ་དང་། གོང་ཁེ་ལ་ལྗང་མདོག་རིགས་ཀྱི་སྐྱེ་དངོས་དང་དེ་བཞིན་སྨན་སྤྱོད་རིན་ཐང་ལྡན་པའི་རང་ཡུལ་གྱི་སྐྱེ་དངོས་ཏེ། ཧི་མ་ལ་ཡའི་བ་སྤུ་སྨུག་པོ་དང་། མེ་ཏོག་སེར་ཆེན། པྲི་ཡང་ཀུ་སོགས་འདེབས་གསོ་བྱེད་རྒྱ་ཆེ་རུ་བཏང་སྟེ་སྣོད་བཅུད་སླར་གསོ་དང་། རྩྭ་ཐང་དང་སྤང་ལྗོངས་བཅོས་སྐྱོང་། ས་ཆུ་ཤོར་བ་བཅོས་སྐྱོང་། གྲོང་ཁྱེར་དང་གྲོང་རྡལ་སྔོ་འགྱུར། རི་ངོས་སྣོད་བཅུད་བཅོས་སྐྱོང་། སྐྱེད་ཚལ་འཛུགས་སྐྲུན་དང་དེ་བཞིན་གནས་དེ་གའི་དབུལ་སྒྲོལ་འགག་སྒོ་ལས་དོན་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་རེད།

    2018ལོའི་ཟླ་7པར་ཚན་ཞིབ་ལ་བརྟེན་ནས་ཡུལ་དེ་གའི་སྐྱེ་དངོས་འདེབས་འཛུཌ་དང་། སྣོད་བཅུད་སླར་གསོ། དབུལ་སྒྲོལ་འབབ་འཕར་བཅས་གཞི་གཅིག་ཏུ་འདུས་པའི་རྟེན་གཞི་ཞིག་རྔ་སྒྲ་ཤང་དུ་བཙུགས་པ་རེད།

    དེས་རྔ་སྒྲ་ཤང་གི་གྲམ་མདའ་དང་། རྔ་སྒྲ། ལྕང་ཅན་བཅས་གྲོང་ཚོ་གསུམ་གྱི་མང་ཚོགས་དབུལ་པོའི་དུད་ཚང་143ལ་ཡོང་འབབ་གསོག་པའི་ལམ་བུ་ཡག་པོ་ཞིག་བཏོད་པ་རེད།

    “དེ་སྔ་ང་ཚོ་ནང་མི་ལྔ་ཚང་མ་ང་དང་གཅུང་མོས་ཞིང་ཁ་འདེབས་པ་དང་ནོར་ལུག་འཚོ་བར་བརྟེན་པ་དང་ལོ་གཅིག་ལ་ཡོང་འབབ་མང་པོ་མེད། ད་ཆ་ང་དང་གཅུང་མོ་གཉིས་ཀྱིས་རྩྭ་སྔོན་ཀུང་སིར་ལས་ཀ་བྱེད་བཞིན་པས་ཉིན་གཅིག་ལ་གླ་ཆ་སྒོར་150ཡོད་པ་དང་། ཁྱིམ་དང་ཐག་ཉེ་ལ། ལས་ཀའང་དཀའ་ལས་ཁག་པོ་མེད”ཅེས་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོའི་དུད་ཚང་དབུལ་པོ་ཚེ་རིང་པད་མས་འཛུལ་དམུལ་དམུལ་ངང་དེ་ལྟར་བཤད།

    རྩྭ་སྔོན་ཀུང་སི་ཕུད། གྲ་ནང་རྫོང་གིས་ད་དུང་གོ་ལ་ཧྲིལ་པོའི་བྱེ་འགོག་བྱེ་བཅོས་ཀྱི་ཁེ་ལས་ཆེ་ཤོས་དབྱི་ལི་ཚོགས་པ་ནང་འདྲེན་ཧུར་ཐག་བྱས་ནས་ལྷོ་ཁ་གྲོང་ཁྱེར་དབྱི་ཤིན་སྣོད་བཅུད་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་པ་དང་། “ཁུ་ཕུའུ་ཆིའི”བྱེ་འགོག་བྱེ་བཅོས་ཀྱི་ཉམས་མྱོང་ལེགས་པོར་བརྟེན་ནས་གནས་དེར་བྱེ་འགོག་བྱེ་བཅོས་ཀྱི་རྣམ་གྲངས་རབ་དང་རིམ་པ་བསྐྲུན་ཏེ་སྡོད་མལ་ཁོར་ཡུག་ལེགས་སུ་དང་གནས་དེ་གའི་མང་ཚོགས་དབུལ་པོ་འབབ་འཕར་དབུལ་སྒྲོལ་ལ་སྣེ་ཁྲིད་བྱས་པ་རེད། རྣམ་གྲངས་སྐྲུན་འགོ་ཚུགས་པ་ནས་བཟུང་མི་1200རང་ས་རང་ཡུལ་ནས་ཁ་འབྲལ་མི་དགོས་པར་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་འབབ་འཕར་ཡོང་རྒྱུར་ཁྲིད་སྟོན་བྱས་པས། བསྡོམས་འབབ་འཕར་སྒོར་ཁྲི་400བྱུང་བ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་6500བྱུང་བ་རེད།

    ས་གཞི་སྔོ་ལྗང་གོས་ཀྱིས་བཀླུབས་ཤིང་ལྗོན་ཤིང་གཡུ་ལོས་བརྒྱན་པ་ནི་དེང་གི་གྲ་ནང་རྫོང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།