[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྐོར་སྲུང་བ་བསྟན་འཛིན་གྱིས“ཁྲུང་ཁྲུང་སྐེ་ནག་བདག་གི་ནང་མི་ཡིན”ཞེས་བཤད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཉི་མ་ཚེ་རིང་། ཚེ་བརྟན་རྡོ་རྗེ། བསྟན་འཛིན་གཡུ་སྒྲོན།    |    སྤེལ་དུས།   2019-04-28

    微信图片_20190428125501.jpg

    ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་བ་བསྟན་འཛིན།

    ཁྲུང་ཁྲུང་སྐེ་ནག་ནི་མིག་ལ་མཐོང་སྣང་དོད་ཅིང་ཤིན་ཏུ་མཛེས་པའི་བྱ་ཞིག་ཡིན་པས། རྒྱུན་ལྡན་གྱི་འཚོ་བའི་ནང་དུ་བོད་རིགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཅིང་། ཁ་རྒྱུན་དུ་ལྷ་བྱ་ཁྲུང་ཁྲུང་ཞེས་འབོད་ཀྱི་ཡོད། ཁྲུང་ཁྲུང་སྐེ་ནག་ནི་མདོ་དབུས་མཐོ་སྒང་ལ་མ་གཏོགས་ཡུལ་གཞན་ལ་མཐོང་རྒྱུ་མེད་པའི་བྱ་ཞིག་ཡིན་པ་དང་། ཁྲུང་ཁྲུང་སྐེ་ནག་གི་འཕེལ་ཚད་ཤིན་ཏུ་དམའ་བས། གྲངས་ཚད་སྲོག་ཆགས་གཞན་དང་བསྡུར་ན་ཧ་ཅང་ཉུང་ཉུང་ཡིན། རྒྱལ་ཁབ་ནས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཅུག  དགུན་དུས་སུ་ཁྲུང་ཁྲུང་སྐེ་ནག་བོད་བྱང་ཐང་ནས་སྐྱིད་ཆུའི་འབབ་རྒྱུད་དང་། ཡར་ཀླུང་གཙང་པོའི་འབབ་རྒྱུད་སོགས་སུ་དགུན་སྒྲོལ་བྱེད་པར་ཡོང་གི་ཡོད་པས། དེའི་རིང་པར་རྒྱག་ལ་དགའ་བའི་སྐྱེ་བོ་ཚོས་ངལ་བ་ལ་མ་འཛེམས་པར་ཁྲུང་ཁྲུང་སྐེ་ནག་ལ་པར་རྒྱག་པར་ཡོང་གི་ཡོད། དེ་རིང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་ཚོགས་ཆུང་པར་རྒྱག་གི་ཞིང་ས་སྐྱིད་ཆུའི་སྟོད་རྒྱུད་དུ་ཆགས་པའི་འཕན་ཡུལ་དུ་བསྐྱོད་ནས་ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་བ་བསྟན་འཛིན་གྱིས་ཁྲུང་ཁྲུང་སྐེ་ནག་ལ་བརྩེ་སེམས་ཇི་ལྟར་བཅངས་ཚུལ་ཐད་བཅར་འདྲི་བྱས་པ་ཡིན།

    ཆུང་ངུའི་དུས་ནས་རི་སྐྱེས་སྲོག་ཆགས་རང་གི་མིག་ལྟར་གཅེས།

    ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་བ་བསྟན་འཛིན་ད་ལོ་ལོ་57ལ་སོན་པ་དང་། ཕ་ཡུལ་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཁར་གདོང་གྲོང་ཚོ་ནས་ཡིན། སྐོར་སྲུང་བ་བསྟན་འཛིན་ནི་བབ་ཆགས་ཅིང་གཤིས་འཇམ་གཞུང་དྲང་གི་མི་ཞིག་ཡིན། ཁོང་གིས་ང་ཚོ་གསར་འགོད་པ་ཡོང་བ་མཐོང་སྐབས་འཛུམ་དམུལ་དམུལ་གྱིས་བསུ་བ་ཞུས་ཏེ་ཁང་པའི་ནང་དུ་ཁྲིད་བྱུང་། ཁོང་དང་ཁྲུང་ཁྲུང་སྐེ་ནག་གི་སྐོར་གླེང་སྐབས་ཁོང་གི་ངོ་ལས་འཕྱུར་བའི་འཛུམ་མདངས་ལྷད་མེད་དེ་ལས་ཁོང་གིས་ལྷ་བྱ་ཁྲུང་ཁྲུང་ལ་བཅངས་པའི་བརྩེ་སེམས་ཤིན་ཏུ་ཟབ་ཚུལ་དེ་མ་ཐག་ཏུ་ཤེས་ནུས། སྐོར་སྲུང་བ་བསྟན་འཛིན་ནི་ཆུང་དུས་ནས་སྲོག་ཆགས་ལ་དགའ་ཞེན་ཆེ་བའི་མི་ཞིག་ཡིན་པས། སྲོག་ཆགས་ལ་གནོད་འཚེ་ཏིལ་འབྲུ་ཙམ་ཡང་གཏོང་མྱོང་མེད། ལོ་ངོ་ལྔའི་གོང་ལ་ལྷུན་གྲུབ་རྫོང་ནགས་ལས་ཅུད་ནས་ཁོ་བོར་ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་བ་བྱེད་འདོད་ཡོད་མེད་སྐོར་སྐད་ཆ་འདྲི་སྐབས། ཁོང་གིས་ལམ་སེང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཁས་ལེན་བྱས་པས། ད་ལྟ་ཁོང་སྐོར་སྲུང་བ་བྱས་ནས་ལོ་5ཙམ་འགྲོ་ཡི་ཡོད། སྐོར་སྲུང་བ་བསྟན་འཛིན་གྱིས་ལྕགས་སྐུད་སོགས་ཟུག་པའི་ཁྲུང་ཁྲུང་སྐེ་ནག་བཞི་ཡི་སྲོག་བསྐྱབས་མྱོང་། དང་ཐོག་ཁྲུང་ཁྲུང་སྐེ་ནག་མི་ལ་སྐྲག་སྣང་བྱེད་ཀྱི་ཡོད་པས། ཁོང་གིས་རང་ཁྱིམ་གྱི་ཁང་མིག་གཅིག་ཆེད་དུ་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་སྡོད་ས་བཟོས་པ་རེད། སྐོར་སྲུང་བ་བསྟན་འཛིན་གྱིས“རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་རང་ཁྱིམ་དུ་ཟླ་བ་གཅིག་གཉིས་ཙམ་ནད་གསོས་ནས་དྲག་སྐྱེད་བྱུང་སྟེ་རང་བྱུང་ཁམས་ལ་ལོག་རན་པའི་དུས་སུ། སེམས་གཏིང་ནས་བྲལ་ཕོད་ཀྱི་མི་འདུག”ཅེས་གསར་འགོད་པར་བཤད་བྱུང་།

    微信图片_20190428125434.jpg

    ནམ་མཁའ་ལ་འཕུར་བཞིན་པའི་ཁྲུང་ཁྲུང་སྐེ་ནག

    ཕ་མ་བཟང་པོའི་ཤུགས་རྐྱེན་འོག་བུ་ཕྲུག་རྣམས་ཀྱང་སྐོར་སྲུང་ལས་ལ་དགའ།

    གང་ཞིག་གསེར་གྱི་རི་ལ་སྔས་འགྱུར་ན་དེ་ཡི་འདབ་ཆགས་ཐམས་བཅད་གསེར་དུ་འགྱུར་ཟེར་བ་ཇི་བཞིན་ཕ་བསྟན་འཛིན་གྱི་སྤྱོད་བཟང་དེ་ནང་མི་གསུམ་པོ་དང་། དེ་བཞིན་ཉེ་འཁོར་གྱི་གྲོང་མི་ཚོས་ཉིན་ལྟར་མིག་མཐོང་ལག་ཟིན་ཡིན་པ་མ་ཟད།  ཁོང་གི་སྤྱོད་བཟང་རྗེས་སུ་སྙེག་བཞིན་ཡོད། བསྟན་འཛིན་གྱི་ནང་མི་ལྷན་རྒྱས་དང་གྲོང་ཚོའི་གྲོང་མི་ཚོའི་བརྩེ་སེམས་འོག་དགུན་གྱི་དུས་སུ་མི་དང་ཁྲུང་ཁྲུང་སྐེ་ནག་ཕན་ཚུན་འཆམ་མཐུན་ངང་འཚོ་གནས་བྱེད་བཞིན་མཆིས། སྐོར་སྲུང་བ་བསྟན་འཛིན་ལ་བུ་རྒན་གཞོན་གཉིས་ཡོད། བུ་ཆུང་བ་བསམ་གྲུབ་ད་ལོ་ལོ་23ལ་སོན་པའི་སྟག་ཤར་གཞོན་པ་ཞིག་ཡིན་པ་དང་། གྲོང་ཚོའི་ནང་དུ་ཞིང་ལས་བྱེད་བཞིན་ཡོད། མིག་སྔར་གྲོང་ཚོའི་ནང་དུ་སྐོར་སྲུང་བ་བསྟན་འཛིན་མ་གཏོགས་མི་གཞན་མེད་པས། རྗེས་སུ་བསྟན་འཛིན་གྱིས་སྐོར་སྲུང་གི་ལས་ཀ་བྱེད་མི་ཐུབ་པའི་དུས་ལ། རང་གི་བུ་བསམ་གྲུབ་ཀྱིས་མུ་མཐུད་ནས་སྐོར་སྲུང་ལས་ཀ་བྱེད་ཐུབ་པའི་འདུན་པ་དྲག་པ་ཡོད་པ་རེད། བསམ་གྲུབ་ནི་ལས་ལ་བརྩོན་ཞིང་ཆུང་དུས་ནས་ཁྲུང་ཁྲུང་སྐེ་ནག་རང་གི་གྲོགས་པོར་འཛིན་བཞིན་ཡོད་པས། རྗེས་སུ་སྐོར་སྲུང་གི་ལས་ཀ་ཁོ་བོའི་ཕྲག་ཐོག་ཏུ་བབས་ན་དགའ་སྤྲོ་དཔག་མེད་ངང་དང་ལེན་མ་བྱས་པ་ག་ལ་སྲིད།

    ལྷུན་གྲུབ་རྫོང་དུ་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱེད་སྐབས་ལྟོགས་པའི་སེམས་ཁྲལ་སྤུ་ཙམ་མེད།

    ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་པས། རྒྱབ་ཁབ་ནས་ཐབས་བརྒྱ་ཇུས་སྟོང་གིས་སྲུང་སྐྱོབ་ལེགས་པར་བྱེད་བཞིན་ཡོད། ལྷུན་གྲུབ་རྫོང་ནི་ལྷ་སའི་སྐྱིད་ཆུའི་སྟོད་རྒྱུད་དུ་ཆགས་པ་དང་། ལོ་རེའི་དགུན་དུས་སུ་ཁྲུང་ཁྲུང་སྐེ་ནག་ལྷུན་གྲུབ་རྫོང་དུ་དགུན་སྒྲོལ་བྱེད་པར་ཡོང་བའི་ཁ་གྲངས་1700ནས་2000བར་ཟིན་གྱི་ཡོད། སྔར་གྱི་དུས་སུ་སྟག་མགོ་ཆུ་མཛོད་ཀྱིས་ཞིང་ཆུ་འདྲེན་པའི་ཐོན་པ་དང་། དེང་གི་དུས་སུ་སྔར་ཡོད་ཀྱི་ནུས་པའི་ཐོག་སྟག་མགོ་ཆུ་མཛོད་དེ་ཁྲུང་ཁྲུང་སྐེ་ནག་གི་སྐྱེད་ཚལ་དུ་གྱུར་ཡོད། སྔོན་གྱི་དུས་སུ་ཁྲུང་ཁྲུང་སྐེ་ནག་ལྷུན་གྲུབ་རྫོང་དུ་དགུན་སྒྲོལ་ལ་ཡོང་སྐབས་ལྟོ་ཐེངས་ཚང་མ་གྲོད་པ་རྒྱགས་པ་ཞིག་ཡོང་རྒྱུ་དཀའ་ཁག་ཆེ་ཙམ་ཡོད། ད་ལྟ་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱེད་པར་ཡོང་སྐབས་ལྷུན་གྲུབ་རྫོང་ནགས་ལས་ཅུད་ནས་ལོ་ལྟར་འབྲུ་རྒྱ་མ་གཅིག་སྟོང་སྤྲོད་ཀྱི་ཡོད། སྐོར་སྲུང་བ་བསྟན་འཛིན་གྱིས་ཕྱི་དྲོ་ཆུ་ཚོད་ལྔ་པ་ཙམ་ལ་གཏན་འཁེལ་གྱི་ས་ཆར་འབྲུ་གཏོར་ནས་བཞག་ན་ཕྱི་ཉིན་སྔ་དྲོར་ཁྲུང་ཁྲུང་སྐེ་ནག་འཕུར་ཡོང་ནས་རང་རང་གི་ཁ་ཟས་ལ་རོལ་གྱི་ཡོད། ལྷུན་གྲུབ་རྫོང་གིས་རང་རྫོང་གི་འབྱུང་ཁམས་ཇེ་ལེགས་སུ་འགྲོ་རྒྱུར་འབད་བརྩོན་ཆེན་པོ་བྱས་པས། མིག་སྔར་འབྱུང་ཁམས་ཁོར་ཡུག་ཐད་གཡུར་ཟའི་འབྲས་བཟང་ཐོབ་ཡོད། མ་འོངས་པའི་ལོ་ཟླའི་ནང་དུ་མཛེས་ཤིང་ལྟ་ན་སྡུག་པའི་འཕན་ཡུལ་དུ་དགུན་སྒྲོལ་དུ་ཡོང་མཁན་གྱི་ཁྲུང་ཁྲུང་སྐེ་ནག་ཇེ་མང་ནས་ཇེ་མང་དུ་འགྲོ་རྒྱུར་ཐེ་ཚོམ་ཅི། བཅར་འདྲི་མཇུག་རྫོགས་ལ་ཉེ་བའི་སྐབས་སུ་སྐོར་སྲུང་བ་བསྟན་འཛིན་གྱིས“ཕྱིས་འབྱུང་མ་མཐུད་ནས་རང་འཁྲིའི་ལས་ལ་བརྩོན་ཏེ་ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་ལེགས་པར་བསྐྱང་རྒྱུ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།