[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལུང་དམར་གཙང་འགྲམ་གྱི་བདེ་སྐྱིད་གླུ་དབྱངས།

    — ཡར་ལངས་ཞིང་བྲན་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་བེ་དཀར་གྲོང་ཚོའི་ནོར་རྒྱས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-20

    མི་སྣའི་རྒྱབ་ལྗོངས།

    ནོར་རྒྱས། སྐྱེས་པ། 1935ལོའི་ཟླ་12པར་སྐྱེས། ད་ཆ་ལོ་84ལ་སླེབས། ཁྱིམ་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཤག་ཆུ་ཤང་བེ་དཀར་གྲོང་ཚོར་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ནོར་རྒྱས་ཁྱིམ་དུ་མི་4ཡོད་པ་དང་ཨ་གྲགས་སྨད་མའི་ཚོ་པའི་མངའ་ཁོངས་ཡིན་ཞིང་། མངའ་བདག་གི་གཉའ་གནོན་དང་བཤུ་གཞོག་ཕོག་ཡོད།

    ནོར་རྒྱས་ཀྱིས་དྲན་གསོ་བྱས་དོན། 1954ལོའི་ཡས་མས་སུ་ཁྱིམ་གྱི་སྒོ་ཕྱུགས་ཚང་མ་རྐུ་ཤོར་ནས“དུད་ཆུང”དུ་གྱུར་བ་དང་ནོར་རྒྱས་ཆབ་མདོ་དགོན་པར(1917ལོར་ཨ་གྲགས་སྨད་མ་ཚོ་པས་ཆབ་མདོ་དགོན་པ་བསྐྲུན་པ་དང་ད་ཆའི་སྙན་རོང་རྫོང་ཤག་ཆུ་ཤང་གྲོང་ཚོ་དང་པོར་གནས་པ)ངལ་ལས་བྱེད་པར་བཙོངས་ནས་དབང་ཡོད་ཆེན་པོ་མྱངས་ཡོད། ད་ཆ་ནོར་རྒྱས་ལ་བུ་ཕྲུག་མང་བ་དང་ནང་མི་37ཡོད་ཅིང་། མི་རབས་བཞི་འཛོམས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།

    微信图片_20190320154859.jpg

    རྒད་པོ་ནོར་རྒྱས(གཡས་ཀྱི་གཉིས་པ)དང་ནང་མི་མཉམ་དུ་བརྒྱབ་པའི་འདྲ་པར་ཡིན་པ།

    དཔྱིད་འགོའི་ཉིན་ཞིག་གསར་འགོད་པ་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་འོག་བེ་དཀར་གྲོང་ཚོའི་བོད་བཟོའི་སྒོ་ར་ཞིག་གི་ནང་སླེབས། གསར་འགོད་པ་དང་བཅས་པ་མཐོང་སྐབས་སྦྱིན་བདག་ནོར་རྒྱས་ཀྱིས་ངེད་ཚོ་ཁང་པའི་ནང་ཁྲིད་བྱུང་། མ་གཞི་ལོ་84ལ་སླེབས་མོད། འོན་ཀྱང་ཁོང་ནི་ངོ་གདོང་སྔར་བཞིན་སྣུམ་ཞག་དོད་ལ་གྲུང་ཤ་དོད་པ་ཞིག་འདུག

    ཁང་པའི་ནང་འཛུལ་སྐབས་ཅོག་ཙེའི་ཐོག་ཚགས་ཤ་སྐམ་པོ་དང་། ལ་ལ། ཁ་ཟས་བཅས་བསྒྲིགས་པ་དང་ཆ་སྒམ་སྟེང་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྣ་ཚོགས་བསྒྲིགས་འདུག

    ཅི་འཕྲོས་མོལ་འཕྲོས་ཕྲན་བུ་བྱས་རྗེས་རྒད་པོ་ནོར་རྒྱས་ཀྱིས་འདས་དོན་སྐོར་གླེང་།

    “རང་ཉིད་ལོ་20ལ་མ་སླེབས་གོང་ཁྱིམ་དུ་སྒོ་ཕྱུགས་20ལྷག་ཙམ་དང་ལུག་30ལྷག་ཙམ་ཡོད། མ་གཞི་ཆ་རྐྱེན་ཡག་ཙམ་ཡོད་མོད། འོན་ཀྱང་མངའ་བདག་གིས་བཤུ་གཞོག་ཚད་མེད་གཏོང་བ་དང་ཁྲལ་སྣ་ཁོ་ན་མར་ཁྲལ་དང་། ནོར་ལུག་གི་བལ་སྤུའི་ཁྲལ། ཤ་ཁྲལ། མི་མགོའི་ཁྲལ་སོགས་རིགས་12ཡོད་ཅིང་། ལོ་ལྟར་གྱི་ཐོན་འབབ་ཕལ་ཆེ་བ་འཇལ་དགོས་པས་རང་ཉིད་ལ་ཏོག་ཙམ་ལས་ལྷག་གི་མེད”ཅེས་རྒད་པོ་ནོར་རྒྱས་ཀྱིས་མགྲིན་པ་བརྣངས་བཞིན་དུ་བོད་རྙིང་པའི་མུན་ནག་གི་སྡུག་བསྔལ་བགྲངས།

    1954ལོར་རྒད་པོ་ནོར་རྒྱས་ཁྱིམ་གྱི་ཕྱུགས་ཟོག་ཚང་མ་རྐུ་ཤོར་ནས་དུད་ཆུང་དུ་གྱུར་བ་དང་ནོར་རྒྱས་ཆབ་མདོ་དགོན་པར་ངལ་ལས་བྱེད་པར་བཙོངས་པ་ནས་བཟུང་ནང་མི་དང་ཁ་བྲལ།

    “སྐབས་དེ་དུས་དངོས་གནས་དཀའ་སྡུག་ཆེན་པོ་ཡོད། ངེད་ཚོས་ཕྱི་ཕྱོགས་སུ་ཕྱུགས་འཚོས་ནས་ཟླ་བ་ཁ་ཤས་སོང་མཐར་གཞི་ནས་ཁྱིམ་དུ་ཐེངས་གཅིག་རང་ལོག་རྒྱུ་ཡོད་པ་དང་མཚན་མོ་སྦྲ་གུར་རྙིང་ཧྲུལ་ནང་སྡོད་དགོས་པས་དབྱར་གྱི་ཆར་པ་དང་དགུན་ཁ་རླུང་བུར་སྐྲག་དགོས་ཀྱི་ཡོད། མི་སྒེར་གྱི་གཙང་སྦྲ་ཟེར་བ་སྤྲོས་བྲལ་རེད། ལྟོ་ཆས་ནི་རི་སྐྱེས་སྔོ་ཚལ་བཟའ་བ་ལས་ལོ་གཅིག་ནང་རྩམ་པ་ཟ་ཐེངས་གཉིས་གསུམ་ལས་རག་གི་མེད”“དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གང་སར་ཞིང་བྲན་སློང་མོ་བས་ཁེངས་པ་དང་ཁོང་ཚོས་རྐང་རྗེན་མར་ལུས་ལ་གྱོན་གོས་རྩབ་ཧྲལ་གྱོན་པ་དང་ལག་ཏུ་ཕོར་པ་ཆག་ཧྲུལ་ཞིག་ཁྱེར་ནས་ལམ་འགྲམ་དུ་ལྟོ་སློང་གི་ཡོད། ཞིང་བྲན་བདག་པོས་ཉེས་རྡུང་བཏང་རྐྱེན་ཞིང་བྲན་མི་ཉུང་བ་ཞིག་དབང་པོ་སྐྱོན་ཅན་དུ་གྱུར་ཡོད”ཅེས་རྒད་པོ་ནོར་རྒྱས་ཀྱིས་དབུགས་རིང་གཏོང་བཞིན་དུ“རང་ཉིད་ལ་ཉེས་རྡུང་ཕོག་མྱོང་མེད། འོན་ཀྱང་རང་ཉིད་དང་འདྲ་བའི་ཞིང་བྲན་ཚོར་ནོར་འཁྲུལ་ཕྲན་བུ་ཤོར་བར་ཁ་གཡར་ནས་མནར་གཅོད་ཚད་མེད་གཏོང་བ་དངོས་སུ་མཐོང་སྐབས་དཀའ་སྡུག་གི་འཚོ་བ་དེ་ལྟ་བུ་ནམ་ཞིག་སྐྱེལ་མཇུག་འགྲིལ་ཨེ་ཡོང་སྙམ་གྱི་ཡོད”ཅེས་མུ་མཐུད་ཤོད་བཞིན་འདས་དོན་དྲན་གསོ་བྱེད་སྐབས་ད་ལྟའང་སྐྲག་སྣང་བྱེད་བཞིན་མཆིས།

    1959ལོར་བོད་བྱང་ཐང་དུ་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་ལྡང་བ་དང་བྱང་རྩྭ་ཐང་སྟེང་ཉི་འོད་ཀྱི་གཟི་བྱིན་འཕྲོས་ཤིང། རྒད་པོ་ནོར་རྒྱས་ཀྱང་ཁྱིམ་དུ་ལོག་ནས་ཡུན་རིང་རེ་སྒུག་བྱས་པའི་བདེ་སྐྱིད་འཚོ་བ་སྐྱེལ་འགོ་ཚུགས།

    “1960ལོར་རང་ཉིད་དང་བཟའ་ཟླ་གཉེན་སྒྲིག་བྱས་ནས་རིང་པོར་མ་ཐོགས་པར་འབྲི་གཡག་15དང་ལུག་8དང་དེ་བཞིན་ཆར་ཆུ་འཚོག་ཐུབ་པ་དང་རླུང་བུ་འགོག་ཐུབ་པའི་ཀོ་བའི་སྦྲ་གུར་ཞིག་ཀྱང་སྤྲད་སྟབས་དགའ་ཐག་ཆོད་དེ་མཚན་གང་གཉིད་ཁུག་མ་བྱུང”དངོས་རྫས་དེ་དག་རག་སྐབས་ཀྱི་གནས་ཚུལ་དྲན་གསོ་བྱེད་སྐབས་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད་པ་དང“སྔོན་ཆད་ངེད་ཚོས་ལས་ཀ་སྤུས་དག་པོ་ཇི་ཙམ་བྱས་ཀྱང་རྔན་པ་གང་ཡང་རག་མི་སྲིད། ད་ཆ་ངེད་ཚོར་རང་ཉིད་ལ་དབང་བའི་སྦྲ་གུར་དང་། རྩྭ་ར། ནོར་ལུག་བཅས་ཡོད་པའི་ཁར་ལོ་ལྟར་ཁྱིམ་དུ་ཕྱུགས་ཟོག་གི་ཐོན་རྫས་འདང་ངེས་ཉར་རྗེས་ལྷག་མ་རྣམས་བཙོངས་ནས་ཡོང་འབབ་བསགས་ཏེ་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བཤད།

    1960ལོར་གྲོང་ཚོར་རོགས་རེས་ཚོགས་ཆུང་བཙུགས་པ་དང་རྒད་པོ་ནོར་རྒྱས་ནི་སྙིང་རུས་ཆེ་ལ་བློས་འགེལ་ཆོག་པ་ཞིག་ཡོད་སྟབས་ཙུའུ་ཀྲང་ལ་བདམས་པ་དང་། མི་དམངས་ཀུང་ཧྲེ་བཙུགས་རྗེས་གྲོང་མིས་སླར་ཡང་ཁོང་དྲུང་ཡིག་ཏུ་བདམས། 1973ལོར་རྒད་པོ་ནོར་རྒྱས་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་སྔ་རྗེས་སུ“ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་གཟི་བརྗིད་མཚན་སྙན་ཐེངས་ལྔ་ཐོབ་ཡོད།

    “ངས་སྙིང་དབུས་ནས་གུང་ཁྲན་ཏང་གི་བཀའ་དྲིན་ཆེན་པོ་ཚོར་གྱི་འདུག རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར་རྗེས་ཡུལ་མི་ཚོའི་སྣེ་ཁྲིད་དེ་འཚོ་བ་ཡག་པོ་ཞིག་སྐྱེལ་རེ་བྱེད་ཀྱི་ཡོད”ད་ཆ་སྔ་ས་ནས་དབུལ་སྒྲོལ་ཐུབ་པའི་བེ་དཀར་གྲོང་ཚོའི་ཡུལ་མི་ཚོའི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་འཕར་བ་དང་ནོར་རྒྱས་ཁྱིམ་གྱི་འཚོ་བའང་ཇེ་ཡག་ཏུ་སོང་ཡོད།

    ཚོམས་ཆེན་ནང་གི་བོད་བཟོའི་ཁྱིམ་ཆས་དང་། གྱང་ལྡེབས་སུ་བཀལ་བའི་གཤེར་ཤེལ་བརྙན་འཕྲིན། སྒོ་འགྲམ་དུ་བཞག་པའི་དོས་སྐྱེལ་རླངས་འཁོར་ཆེ་གྲས་དང་རླངས་འཁོར་ཆུང་གྲས། ཐག་རིང་དུ་ཡོད་པའི་ནོར་ལུག་གྲངས་ལས་འདས་པ་དེ་དག་ཚང་མ་ལས་རྒད་པོ་ནོར་རྒྱས་ཀྱི་ད་ཆའི་འབྱོར་ཕྱུག་འཚོ་བ་མངོན་བཞིན་ཡོད།

    “སྤྱི་ཚོགས་རྙིང་པར་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་དྲོད་ཀྱི་མེད། ད་ཆ་ལྟོ་གོས་ལ་སེམས་ཁྲལ་རྩ་བ་ནས་བྱེད་དགོས་མེད། སྔོན་ཆད་ནད་ཕོག་ཚེ་ཤི་སྒུག་རྒྱག་རྒྱུ་ལས་མེད་པ་དང་ད་ཆ་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱ་རྒྱུ་ཡོད་པའི་ཁར་གྲོང་ཚོ་ཚང་མར་སྨན་པ་ཡོད་པས་སྒོ་ཁར་སྨན་བཅོས་ཐུབ་ཀྱི་འདུག དེས་མ་ཚད་ལོ་ལྟར་ངར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་1800ལེན་རྒྱུ་ཡོད་པས་ངས་རང་རེའི་རླབས་ཆེན་མེས་རྒྱལ་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་མི་ལེན་ག་ལ་སྲིད”ཐག་རིང་དུ་དལ་བུར་རྒྱུག་པའི་ལུང་མ་གཙང་པོར་ལྟ་བཞིན་དུ་རྒད་པོ་ནོར་རྒྱས་ཀྱི་བཞིན་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།