[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྗང་མདོག་ལྷ་ས་མཉམ་སྐྲུན་མཉམ་སྤྱོད་བྱེད།

    —— ལྷ་ས་གྲོང་ཁྱེར་གྱི་ནགས་བཟོ་སྔོ་འགྱུར་ལས་དོན་ལ་ལྟ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    རྔ་ཆེན་ཤང་གར་པ་གྲོང་ཚོའི་གྲོང་མི་མཚམས་གཅོད་སྒྲོལ་མས་སྒོ་རའི་མདུན་དུ་ཤིང་ལ་ཡལ་གཅོད་རྒྱག་བཞིན་འདུག ཁོང་གིས་ལྗོན་ཤིང་འདི་དག་ང་ཚོས་བཙུགས་པ་ཡིན་ལ་ད་ཆ་སྔོ་ལྗང་གི་མཛེས་ལྗོངས་སུ་གྱུར་ཡོད། “ལོ་འདི་དག་རིང་། གྲོང་ཚོ་ཨུ་ལྷན་གྱིས་ལོ་ལྟར་རིན་མི་དགོས་པར་སྡོང་ཕྲུག་སྤྲད་ནས་གྲོང་མིར་འཛུགས་སུ་འཇུག་གི་ཡོད། ད་ཆ་གར་པ་གྲོང་ཚོའི་བགྲོད་ལམ་གྱི་གཞོགས་གཡས་གཡོན་གཉིས་སུ་ལྗོན་ཤིང་གིས་ཁེངས་ནས་སྐྱིད་སྣང་ཤིན་ཏུ་དོད་ཅེས་བཤད།

    རྫོང་རྒྱབ་ཀླུ་ཁང་དུ་སྐྱེད་ཚལ་ལས་བཟོ་ལྷག་སྒྲོན་གྱིས་རྩྭ་ངན་འཐུ་བཞིན་འདུག ཁོང་གིས“ཆུང་དུས་ངའི་དྲན་གསལ་ལ་ལྷ་སར་ཤིང་སྣ་ཁ་ཤས་ལས་མེད་ལ་བག་ཆགས་ཟབ་ཤོས་ནི་རྒྱ་ལྕང་རེད། ད་ཆ་ལྷ་སར་ཤིང་སྣ་100ལྷག་ཡོད་པ་དང་བགྲོད་ལམ་གཞོགས་གཡས་གཡོན་གཉིས་སུ་ཚང་ཚིང་ལྗོན་ཤིང་མང་བ་དང་སྔོ་ལྗང་འཛུགས་སྐྲུན་སྔར་བས་ཡག་པ་མཐོང་ཐེངས་རེར། ང་ཡང་སྤོབས་པ་སྐྱེ་གི་འདུག ངས་མུ་མཐུད་སྐྱེད་ཚལ་བདག་སྐྱོང་བ་ཡག་པོ་ཞིག་བྱས་ཏེ་རྔུལ་ཆུར་བརྟེན་ནས་གྲོང་ཁྱེར་གྱི་སྔོ་འགྱུར་ལས་ལ་གཞོལ་གྱི་ཡིན”ཞེས་བཤད།

    སྣེའུ་ཤང་སྟག་གདོང་གྲོང་ཚོར་བསྐྱོད་པས་ན་ལྗོན་ཤིང་ཆེན་པོ་དག་གི་མཛེས་ལྗོངས་ཡིད་དུ་འོང་བ་དང་། ཁྲེང་ཀོན་ཆུས་དཔལ་སྡིངས་གྲོང་ཚོར་རྩྭ་རྩི་ཤིང་གིས་ཁེབས་པ་དང་ཉེ་འགྲམ་གྱི་རྫིང་བུའི་ཆུ་ཡང་སྔོ་ཐིང་ངེར་གནས་པ། མལ་གྲོ་གུང་དཀར་རྫོང་ཙི་ཙི་རོང་གྲོང་ཚོའི་ཁང་པའི་རྒྱབ་མདུན་ཀུན་ཏུ་ཤིང་སྣ་མང་ལ་སྤང་ལྗོངས་སོགས་རི་ཆུ་ཀླུང་གསུམ་གྱི་སྣོད་བཅུད་མཛེས་ལྗོངས་ཀྱི་ཉམས་དགའ་བའི་གྲོང་གསེབ་རེ་རེ་མིག་ལམ་དུ་ཡོངས་སུ་མངོན།

    ལྗང་མདོག་ལྷ་ས་ནི་ནགས་བཟོ་སྔོ་འགྱུར་ལས་དོན་ལ་སྐུལ་སྤེལ་གཏིང་ཟབ་བྱས་པ་ལས་བྱུང་། “ཤིང་རི་ལ་འཛུགས”པའི་ལས་གྲྭ་ལག་བསྟར་བྱས་པ་ལས་ནགས་བཟོ་སྔོ་འགྱུར་མུའུ་3521.7བྱས་པར་སྐྱེ་ཚད་85%ཡན་ཟིན་ནས་ལྗོངས་ཡོངས་སུ་ས་བབ་སྨི་3900ཡན་གྱི་སྐྱ་ཐེར་ཐེར་གྱི་རིར་ཤིང་ཐོག་མར་བཙུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.4བཏང་ནས་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་གྱི་ལྗང་མདོག་ཁྱམས་རིང་བཏོད་པ། མ་དངུལ་སྒོར་དུང་ཕྱུར་0.31བཏང་ནས་ལྷ་ཉིང་རིམ་མཐོའི་གཞུང་ལམ་སྔོ་་འགྱུར་གྱི་ཁྱམས་རིང་བཟོས་པ་བཅས་རེད། 2016ལོ་ནས་བཟུང་། “ལྗང་མདོག་གྲོང་སྐོར”རྣམ་གྲངས་ཕྱོགས་ཡོངས་ནས་སྒྲུབ་འགོ་ཚུགས་པ་དང་མིག་སྔའི་བར“ལྗང་མདོག་གྲོང་སྐོར”འཛུགས་སྐྲུན་ལས་གྲྭ་དང་ཉེ་འཁོར་གྱི་རི་ལྡེབས་སུ་ཤིང་འཛུགས་བྱས་པར་རིམ་རྩིས་བྱས་ན་རྒྱ་ཁྱོན་མུའུ་3068.06ཟིན་པ་དང་། 2013ལོར་རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་བདེ་བླག་ངང་བཏོད་པ་རེད།

    ལྗང་མདོག་གི་རི་ཆུ་མཉམ་སྐྲུན་བྱས་པས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་ཞིང་། སྟོད་ལུང་བདེ་ཆེན་ཆུས་སྡིངས་ཁ་གྲོང་ཚོའི་གྲོང་མི་པད་མ་ཚེ་རིང་གིས“དེ་སྔོན་ང་ཚོ་གྲོང་ཚོའི་བཀོད་པ་ཞན་ལ་གད་སྙིགས་སྣ་ཚོགས་གང་སར་མཐོང་རྒྱུ་ཡོད། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཚུན། གྲོང་ཚོ་སྔོ་ལྗང་དང་ལྟ་ན་སྡུག་པར་གྱུར། ད་ཆ་ཚང་མས་གད་སྙིགས་གང་བྱུང་དུ་གཡུག་གི་མེད”ཅེས་གསར་འགོད་པར་བཤད། “དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་མཉམ་སྐྲུན་བྱས་ན་འགྱུར་ལྡོག་བྱུང་བ་ནི་ཁོར་ཡུག་ཙམ་མིན་པར་ཡུན་རིང་འཇགས་པའི་སྲོལ་ངན་ཡང་བསྒྱུར་ཡོད”ཅེས་སྡིངས་ཁ་གྲོང་ཚོའི་ལས་བྱེད་པ་ཧྲི་ལི་ལིས་བཤད།

    དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་མཉམ་སྐྲུན་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་ཁར་སྤྱི་ཚོགས་སྔར་བས་ཞི་མཐུན་ཡོང་བར་བྱས་ཤིང་། དབྱར་གཞུང་དུ་གསར་འགོད་པ་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་མཚོ་སྨད་གྲོང་ཚོར་བསྐྱོད་པས་ན། གྲོང་མི་རྣམས་གྲོང་ཚོ་ཨུ་ལྷན་དུ་འཛོམས་ནས་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་མཆིས། མཚོ་སྨད་གྲོང་ཚོའི་ཧྲུའུ་ཅི་དང་པོ་བསྟན་འཛིན་གྱིས། ད་ཆ་གྲོང་ཚོའི་ཁོར་ཡུག་ལེཌ་སུ་ཕྱིན་པ་མ་ཟད་གྲོང་མིའི་བྱང་ཚད་ཀྱང་ཡག་ཏུ་ཕྱིན་ཡོད། ཡུལ་མི་རྣམས་ཀྱིས་རང་འགུལ་ངང་ཐ་མག་དང་ཆང་རག་བཅད་ནས་ཡ་རབས་གྲོང་སྲོལ་དང་ཁྱིམ་སྲོལ་ཡག་པོ་ཆགས་པར་བྱས་ཡོད་ཅེས་བཤད།

    ལྷ་ས་གྲོང་ཁྱེར་གྱི་ནགས་བཟོ་སྔོ་འགྱུར་ལས་དོན་ལ་སྐུལ་སྤེལ་མུ་མཐུད་གཏིང་ཟབ་བཏང་བ་དང་བསྟུན། “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན”པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཁྲོད་གསོན་ཉམས་དོད་པའི་དངོས་ཡོད་དུ་བསྒྱུར་བ་དང་། ལྷ་སའི་མི་དམངས་ཀྱིས་ལྗང་མདོག་གི་བདེ་སྐྱིད་མཉམ་སྤྱོད་བྱེད་བཞིན་མཆིས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།