[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ཀྱིས་ན་ནིང་སྒོར་དུང་ཕྱུར་11ལྷག་ཙམ་བཏང་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-07

     ཚེས་5ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ནས་ཤེས་རྟོགས་བྱས་པར། བོད་ཀྱིས་2017ལོར་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་11.43བཏང་ནས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་པོ་བྱུང་བ་དང་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད།

    བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཐན་ཧྭ་ཡིས་2017ལོར་བོད་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་སྣོད་བཅུད་ལྟ་ཞིབ་ཚད་ལེན་ས་ཚིགས་དྲ་བའི་དོ་དམ་བྱ་ཐབས(གནས་སྐབས་ལག་བསྟར)》བཟོས་ནས་བཏོན་པ། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཨུ་ལྷན་འཛུགས་པ་བཅས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་སྒྱུར་བཅོས་དང་། ཁོར་ཡུག་སྲུང་སྐྱོང་ལྟ་བཤེར། སྣོད་བཅུད་སྲུང་སྐྱོང་། སྦགས་བཙོག་འགོག་བཅོས་སོགས་ཀྱི་ལས་འགན་ལ་དམ་འཛིན་ནན་པོ་བྱས་པ་དང་ལྷག་དོན་དུ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཁྱོན་ཡོངས་ནས་གཙང་སེལ་དང་དག་ཐེར་བྱས་པའི་ནང་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་ཁྲིམས་འགལ་སྒྲིག་འགལ་གྱི་མངོན་གསལ་དོད་པོའི་གནད་དོན་ལ་གཙོ་གནད་ཐོག་གཙང་སེལ་དང་དག་ཐེར་བྱས་ཡོད།

    གྲངས་གཞི་ལས་མངོན་པར། 2017ལོར་བོད་ཀྱི་རང་བྱུང་རྩྭ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་8893.33ཟིན་པ་དང་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47ཡོད། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དེས་ལྗོངས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་ནང་34.35%ཙམ་བཟུང་ཡོད། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་པ་དེས་ལྗོངས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་5.3%བཟུང་ཡོད།

    བོད་ཀྱིས་ཐུན་མིན་གྱི་གནམ་གཤིས་ཁྱད་ཆོས་དང་ས་ཁམས་ཆགས་ཡུལ། སྣ་མང་གི་སྣོད་བཅུད་མ་ལག ཕུན་སུམ་ཚོགས་པའི་སྐྱེ་དངོས་ཐོན་ཁུངས་བཅས་ལ་བརྟེན་ནས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”དང“ས་གོ་ལའི་སྣེ་གསུམ་པ”ཞེས་ཡུལ་གྲུ་ཀུན་ཏུ་གྲགས་ཡོད། ཀྲུང་དབྱང་གིས་བོད་འདི་ཉིད་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཏུ་སྐྲུན་དགོས་པའང་ཁ་གསལ་བཏོན་གནང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།