[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཐང་ཤིང་དང་། གསོམ་ཤིང་། ཨུ་རུ་སུའི་གླ་ཚེར་སོགས་མཚར་དུ་དངར་བ།

    ནག་ཆུའི་ཁྲོམ་གཞུང་དུ་ཡང་ལྗོན་ཤིང་མཐོང་རྒྱུ་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-15

    སྤྱི་ལེ་1.2ཡོད་པའི་ནག་ཆུའི་ཀྲེ་ཅང་ནུབ་ལམ་ཐོག་སྐྱོད་ཚེ་མཐོ་གྲང་ས་ཁུལ་ལ་འཕྲོད་པའི་རི་མཐོའི་རྒྱ་ལྕང་དང་། གྲང་ཟུག་དང་། སྐམ་ཤས་ཆེ་བ། བ་ཚྭ་བཅས་ཐེག་ཐུབ་པའི་ཐང་ཤིང་དང་། གསོམ་ཤིང་། ཨུ་རུ་སུའི་གླ་ཚེར་སོགས་སྣ་ཁ་20ཡི་ལྗོན་ཤིང་རྐང་600ལྷག་ཙམ་རྒྱ་ལམ་གྱི་གཞོགས་གཉིས་སུ་གྲལ་འགྲིག་ལ་གསོན་ཤུགས་ཀྱིས་ཁེངས་ཡོད། 

    ཟླ་5ཚེས་7ཉིན་ནི་ནག་ཆུའི་ངོས་ནས་བརྗོད་ན་དུས་རབས་བརྒལ་བའི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་ཡིན་པ་སྟེ། དེ་ཉིན་ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། ནག་ཆུ་གྲོང་ཁྱེར་ནགས་ལས་ཅུས་ཀྱི་ཅུས་ཀྲང་མིག་དམར་ཚེ་རིང་གིས་གསར་འགོད་པར་ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་པ་དང་གྲོང་མི་རྣམས་ལ་ལྗང་མདོག་གི་ཕྱག་རྟགས་ཆེན་པོ་ཞིག་སྤྲོད་ཆེད། ཟླ་4ཚེས་30ཉིན་ནས་བཟུང་ནགས་ལས་ཅུས་ཀྱི་གོང་འོག་ཚང་མ་འགུལ་ནས་ནག་ཆུའི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་ཁྲོམ་གཞུང་ཐོག་ལྗོན་ཤིང་ཚོད་འདེབས་བྱས་པ་རེད། ཚོད་འདེབས་བྱེད་སའི་ལམ་ནི་ནག་ཆུ་གྲོང་ཁྱེར་སེར་ཉི་ཆུས་ཀྲེ་ཅང་ནུབ་ལམ་ཡིན་པ་རེད། 

    “ནག་ཆུས་ཚན་རྩལ་ལ་བརྟེན་ནས་ཤིང་འཛུགས”བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ནགས་ལས་ལས་དོན་ཐད་གནང་བའི“མཐོ་གྲང་ས་ཁུལ་དུ་ཚད་བརྒལ་ཡོང་བའི་བརྩོན་ལེན་བྱེད་དགོས་པའི”མཆན་བཀོད་མཛུབ་སྟོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉེ་བའི་ལོ་ཤས་ནང་འབྲེལ་ཡོད་ཚན་རྩལ་མི་སྣ་དང་ནགས་ལས་ལས་དོན་མི་སྣས་ནུས་ཤུགས་ཡོད་རྒུས་མཐོ་གྲང་དང་ས་བབ་མཐོ་བའི་ནག་ཆུར་ལྗོན་ཤིང་ཚོད་འདེབས་ཀྱི་ལས་དོན་སྤེལ་བ་རེད། ད་ཆ་ནག་ཆུའི་ཁྲོམ་གཞུང་སྔོ་འགྱུར་ཡོང་བ་བྱ་རྒྱུ་དེ་དངོས་ཡོད་དུ་གྱུར་པ་རེད། 

    “ངས་ནག་ཆུར་ཚོང་བརྒྱབ་ནས་ལོ་བཅུ་གྲངས་ཁ་ཤས་ཕྱིན་སོང་། ནག་ཆུའི་རྒྱ་ལམ་གྱི་གཞོགས་གཉིས་སུ་ལྗོན་ཤིང་མཐོང་ཐེངས་དང་པོ་ཡིན། སྐབས་དེ་དུས་ང་མིག་ཆུ་ཤོར་བྱུང”སྐུ་ཞབས་ཀྲང་ལགས་ཀྱིས་ནག་ཆུར་ཟ་ཁང་ཞིག་བཙུགས་ཡོད། ཁོང་གིས་དགའ་ཚོར་ཆེན་པོས་གསར་འགོད་པར“ངའི་ཟ་ཁང་དེ་ཀྲེ་ཅང་ནུབ་ལམ་དུ་ཡོད་པས་ཉིན་དེ་དག་ནང་ང་ཞོགས་པ་རྟག་ཏུ་ཀྲེ་ཅང་ནུབ་ལམ་དུ་འཆམ་འཆམ་བྱེད་པར་འགྲོ་ཡི་ཡོད”ཅེས་བཤད། 

    “ལྗོན་ཤིང་དེ་དག་ལ་གཡོག་བྱེད་མ་བྱས་ན་གསོན་ཐུབ་བམ” “ལྗོན་ཤིང་དེ་དག་དགུན་ཁ་འཁྱོལ་ཐུབ་བམ” “གལ་ཏེ་དགུན་ཁ་འཁྱོལ་ཐུབ་ཚེ་ནགས་ལས་ཅུས་ཀྱིས་དམིགས་བསལ་ཐབས་ཤེས་གང་སྤྱད་ཡོད་དམ” མི་ཚང་མ་གསར་འགོད་པ་དང་འདྲ་བར་དོགས་གནད་དེ་འདྲ་བསམ་བློར་འཁོར་སྲིད། གང་ཡིན་ཞེ་ན་ནག་ཆུ་གྲོང་ཁྱེར་ས་བབ་སྨི་4500ཡན་དུ་གནས་པ་ད་དུང་མཐོ་གྲང་ཁུལ་དང་། འཁྱགས་ས་མཐུག་པོ། ལྷགས་པ་ཚ་བ། གནམ་གཤིས་གྲང་བ་བཅས་ཡོད་པས་ལོ་ཧྲིལ་པོར་རྩི་ཤིང་སྐྱེ་འཚར་དུས་ཉིན་100ལྷག་ཙམ་ལས་མེད། དེ་ལྟ་བུའི་རང་བྱུང་ཆ་རྐྱེན་འོག་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ཡང“རྒྱལ་ཡོངས་ཀྱི་ལྗོན་ཤིང་མེད་པའི་གྲོང་ཁྱེར་འབའ་ཞིག”དེར་གྱུར་པ་རེད། 

    2008ལོ་ནས་བཟུང་། གྲོང་ཁྱེར་ནགས་ལས་ཅུས་ཀྱིས་ནག་ཆུ་གྲོང་རྡལ་གྱི་ཚལ་ཆུའི་འགྲམ་དུ་མ་དངུལ་སྒོར་ཁྲི་40ལྷག་ཙམ་བཏང་སྟེ་རྒྱ་ཁྱོན་ལ་མུའུ་12ཡོད་པའི་ནག་ཆུ་གྲོང་ཁྱེར་གྱི་མཐོ་གྲང་ཚོད་འདེབས་ཚོད་ལྟའི་རྟེན་གཞི་ཞིག་བསྐྲུན་ནས་ཁྱོན་ས་གནས་དེ་གའི་རི་མཐོའི་རྒྱ་ལྕང་དང་རྒྱལ་རྩེའི་གླ་ཚེར་སོགས་རྐང་300ཙམ་ཚོད་འདེབས་བྱས་པ་རེད། གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད་རི་མཐོའི་རྒྱ་ལྕང་ནག་ཆུའི་གནམ་གཤིས་ལ་རྦད་དེ་འཕྲོད་ནས་འདེབས་འཛུགས་བྱེད་སྐབས་སྨི་1ཀྱང་མ་ཟིན་པའི་སྡོང་ཕྲུག་ད་ཆ་སྨི་3བར་སྐྱེ་འཚར་བྱུང་བ་དང་འབྲེལ་སྡོང་རྐང་120ལྷག་ཙམ་ས་ཁུལ་ཐད་གཏོགས་ཚན་པ་ཁག་གི་སྒོ་རའི་ནང་སྤོ་འཛུགས་བྱས་པ་དང་སྤོ་འཛུགས་བྱས་རྗེས་གསོན་ཚད་ཀྱང་98%ཟིན་ཡོད་པ་རེད། 

    ཁྲོམ་གཞུང་གི་ལྗོན་ཤིང་དེ་དག་གསོན་ཐུབ་མིན་ལ་ར་སྤྲོད་བྱ་ཆེད་ཡིན་པ་ལས“ངོ་སྲུང”ལས་གྲྭའི་ཆེད་མིན། གསར་འགོད་པ་དང་མིག་དམར་ཚེ་རིང་དང་བཅས་པ་ཚན་རྩལ་ཅུས་དང་འཕེལ་སྒྱུར་ཨུ་ལྷན་གྱི་སྒོ་རའི་ནང་བསྐྱོད་སྐབས། ལས་ཁུངས་ཀྱི་སྒོ་རའི་ན་ཁའི་སྟེང་རི་མཐོའི་རྒྱ་ལྕང་དེ་དག་སྨི་2ལྷག་བར་སྐྱེས་ཡོད་པ་མཐོང་བྱུང་། 

    “སྔོན་ཆད་ང་ཚོས་གྲོང་ཁུལ་གྱི་ལས་ཁུངས་དང་སློབ་གྲྭ་ཁག་གི་ཁང་པའི་མདུན་གྱི་སྒོ་རའི་ནང་ཚོད་འདེབས་བྱེད་ཀྱི་ཡོད། མཐོ་གྲང་ས་ཁུལ་གྱི་གནམ་གཤིས་ཁྱད་ཆོས་དང་ཉེ་བའི་ལོ་ཤས་རིང་གི་ཚོད་འདེབས་འབྲས་བུ་གཞིར་བཟུང་། སྡོང་ཕྲུག་གི་སྣ་ཁ་འདེམས་པར་རྩ་དོན་ཐད་མཐོ་གྲང་ས་ཆར་འཚམ་པའི་རི་མཐོའི་རྒྱ་ལྕང་གཙོ་བོར་བྱས་ཁར་ཞོར་དུ་གྲང་ངར་དང་། ཐན་པ། བ་ཚྭ་བཅས་ཐེག་ཐུབ་པའི་ཐང་ཤིང་དང་། གསོམ་ཤིང་། ཨུ་རུ་སུའི་གླ་ཚེར་བཅས་བཏབ་པ་ཡིན”ཞེས་མིག་དམར་ཚེ་རིང་གིས་བརྗོད་ཅིང་། ཁོང་གིས་ད་དུང་གསར་འགོད་པར“དམིགས་བསལ་གྱི་ཐབས་ཤེས”ཤིག་བཤད་པ་འདི་ལྟ་སྟེ། གནས་སྤོས་ས་རྒྱུ་ནི་གཙོ་བོ་རི་མཐོའི་སྤང་ས་དང་། ས་རྒྱུ་གཤིན་པོ། བྱེ་མ་དང་ལུད་བཅས་ལས་གྲུབ་ཡོད་པ་དང་། ནགས་འཛུགས་ལག་རྩལ་གྱི་བྱ་རིམ་ནན་པོ་ལྟར་རི་མཐོའི་རྒྱ་ལྕང་དང་ཐང་ཤིང་སོགས་བསྡེབས་ནས་ཁྲོམ་གཞུང་སྔོ་འགྱུར་གྱི་ཚོད་འདེབས་བྱས་པ་རེད། མཐོ་གྲང་ས་ཆར་སྡོང་ཕྲུག་འཛུགས་པར་སྡོང་ཕྲུག་འདེམས་པ་དང་སྡོང་སྣ་འདུལ་སྦྱོང་ནི་ཤིང་འཛུགས་ཚོད་འདེབས་ལས་ཀའི་འགག་རྩའི་ལྷུ་ཚིགས་ཤིག་རེད། ལོ་མང་གི་ལག་ལེན་ནས་མངོན་པ་ལྟར་ན། “རང་ཡུལ་གྱི་ས་རྒྱུའི་སྡོང་ཕྲུག”ཡིན་ཚེ་དེ་གསོན་ཚད་དང་འཕྲོད་ཚད་ཅུང་མཐོ་བ་དང་། ད་རེས་ཚོད་འདེབས་བྱེད་པའི་སྔོ་འགྱུར་ལས་གྲྭའི་ནང་ཕལ་ཆེ་བ“རང་ཡུལ་གྱི་ས་རྒྱུའི་སྡོང་ཕྲུག”ཡིན་པ་རེད། 

    ད་རེས་ཀྱི“ཁྲོམ་གཞུང་སྔོ་འགྱུར”ལ་རྒན་ཡོལ་ཞུ་ཉེར་ཡོད་པའི་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཉའོ་ཡིས་རེ་སྒུག་ཡུན་རིང་བྱས་པ་དང་། ཁོང་གིས་རང་འགུལ་ངང་ལས་ཀ་དེའི་ནང་ཞུགས་རྒྱུའི་རེ་འདུན་ཐེངས་མང་ཞུས་པ་རེད། “འདི་ནི་ང་ལ་ཆ་མཚོན་ན་དོན་སྙིང་ཆེན་པོ་ལྡན། ཚེ་གང་པོར་ནགས་སྲུང་བ་བྱས་པ་ཡིན། རྒན་ཡོལ་མ་ཞུས་གོང‘ཁྲོམ་གཞུང་སྔོ་འགྱུར’གི་ཚོད་འདེབས་ནང་ཞུགས་ནས་ང་ཚོའི་མཛེས་སྡུག་ལྡན་པའི་ནག་ཆུ་གྲོང་ཁུལ་སྔོ་འགྱུར་བྱེད་ཐུབ་ན། དེ་ནི་ངའི་བསམ་འདུན་ཆེ་ཤོས་ཡིན”ཞེས་བརྗོད། 

    ད་རེས་ཀྱི“ཁྲོམ་གཞུང་སྔོ་འགྱུར་གྱི”ཚོད་འདེབས་ནང་ནགས་ལས་ཅུས་ཀྱིས་ད་དུང་དུད་ཚང་དབུལ་པོ་20གདན་དྲངས་པའི་ནང་ནས་དུད་ཚང་དབུལ་པོ་ངག་ཆུང་ནི་དེ་སྔ་དཔལ་མགོན་རྫོང་ཕྱིང་ལུང་ཤང་གྲོང་ཚོ་3པའི་གྲོང་མི་ཡིན་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་གྲོང་ཁུལ་དུ་གཞིས་ཆགས་ནས་ཟླ་3ལས་འགོར་མེད་པ་དང་། “ཁྲོམ་གཞུང་སྔོ་འགྱུར”གྱི་ཚོད་འདེབས་ལས་ཀ་དེ་འདྲ་ཞིག་ཡོད་པ་ཐོས་སྐབས་ཁོང་གིས་རང་འགུལ་ངང་མིང་ཐོ་བཀོད་ཡོད། “དེ་ནི་གཟི་བརྗིད་ལྡན་པའི་ལས་ཀ་ཞིག་རེད། ངས་སྡོང་ཕྲུག་འདི་དག་ཡག་པོ་འཛུགས་རྒྱུ་མ་ཟད་ད་དུང་ངའི་ཉེ་འཁོར་གྱི་མི་རྣམས་ལ་སྐུལ་སློང་བྱས་ཏེ་སྡོང་ཕྲུག་འདི་དག་ལ་རྣམ་ཀུན་ནས་སྲུང་སྐྱོང་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བཤད། 

    སྲུང་སྐྱོང་སྐོར་གླེང་ན། སྡོང་ཕྲུག་འཛུགས་པ་ཕུད་གཞན་ཡང་ནགས་ལས་ཅུས་ཀྱིས་འབྲེལ་ཡོད་ཀྱི་བྱེད་ཐབས་ཁ་ཤས་བཏོན་ནས་སྲུང་སྐྱོང་བྱེད་ཀྱི་ཡོད། “བཙུགས་པའི་སྡོང་ཕྲུག་ཚང་མ་ལས་སླ་པོ་མིན་པས། དེ་དག་མུ་མཐུད་སྐྱེ་རུ་འཇུག་དགོས་ན་ང་ཚོས་ངེས་པར་དུ་སྡོང་ཕྲུག་རེ་རེ་བཞིན་ལ་ང་ཚོའི་མིག་འབྲས་བཞིན་སྲུང་སྐྱོང་བྱེད་དགོས། ར་བ་བསྐོར་ནས་འབྲི་གཡག་གིས་སྡོང་ཤུན་དང་སྡོང་རྩྭ་ཟ་རུ་འཇུག་རྒྱུ་མེད་པ་མ་ཟད། ང་ཚོས་ད་དུང་སྐོར་ཞིབ་པའང་བཀོད་སྒྲིག་བྱས་ནས་ཉིན་མཚན་མེད་པར་སྐོར་ཞིབ་བྱས་ཏེ་མི་གཞན་གྱི་གཏོར་སྐྱོན་མི་ཕོག་པར་བྱེད་ཀྱི་ཡོད”ཅེས་བཤད། 

    “གྲོང་ཁྱེར་གྱི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་བཟོས་ནས་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཏན་ཏིག་གཏོང་རྒྱུ་ནི་ང་ཚོ་ནགས་ལས་པ་མི་རེ་ངོ་རེའི་ལས་འགན་ཡིན”ཞེས་མིག་དམར་ཚེ་རིང་གིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།