[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྔོ་ལྗང་གིས་བརྒྱན་པའི་མེ་ཏོག་རྫོང་དུ་བསྐྱོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཏེང་ཅན་ཧྲེང་དང་ཆུང་བདག་སྒྲོལ་དཀར་གྱིས།    |    སྤེལ་དུས།   2018-04-13

    ཟླ་བཞི་པའི་ཟླ་སྟོད་ལ་ཧི་མ་ལ་ཡའི་རི་རྒྱུད་སྔར་བཞིན་གངས་འཁྱག་གིས་བསྡམས་ནའང་། མེ་ཏོག་རྫོང་གི་གང་སར་ཤིང་ཏོག་ཡིའུ་ཙིའི་མེ་ཏོག་རབ་ཏུ་བཞད་པ་དང་ངང་ལག་སྨིན་པའི་དྲི་བསུང་ངང་གིས་འཐུལ་འོང་།

    ས་བབ་མཐོ་དམའི་དབར་སྨི་7600ཟིན་པས“འཛམ་གླིང་སྐྱེ་དངོས་ཀྱི་ས་བོན་མཛོད”ཅེས་གྲགས་པ།

    “མེ་ཏོག་རྫོང་ནི་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་སྤྲིན་སྨུག་དང་ནགས་གསེབ་ཁྲོད་ཆགས་པས་ལོ་གཅིག་དུས་བཞིར་སྔོ་ཐིང་ངེར་སྡོད་ཀྱི་ཡོད”ཅེས་དེ་གར་ལས་ཀ་ལོ་11བྱས་པའི་བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་གི་རྫོང་དཔོན་ཝུའེ་ཁྲང་ཆིས་གསར་འགོད་པར་བཤད།

    སྔར་ནས་བཟུང་མེ་ཏོག་རྫོང་ལ“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་གྲགས་ཤིང་། མཐོ་ཞིང་གཟར་བའི་ཧི་མ་ལ་ཡའི་རི་རྒྱུད་ཡར་ཀླུང་གཙང་པོས་བཅད་ནས་དེ་གར་འཛམ་གླིང་གི་རོང་ཆེན་དང་པོ་སྟེ་ཡར་ཀླུང་གཙང་པོའི་རོང་ཆེན་ཆགས་པ་དང་། ས་བབ་མཐོ་ཚད་སྨི་7782ཟིན་པའི་གནམ་ལྕགས་འབར་བ་རྫོང་དེའི་བྱང་རྒྱུད་དུ་འགྱིང་ངེར་གནས་ཤིང་། ཡར་ཀླུང་གཙང་པོའི་བྱང་ནས་ལྷོར་རྒྱུགས་ཏེ་མེ་ཏོག་ཧྲིལ་པོ་བརྒྱུད་རྒྱལ་མཚམས་སྒྲོལ་བའི་ཞི་པ་ཤག་ཆུ་བར་འབབ། དེ་ཁུལ་དུ་ས་བབ་མཐོ་ཚད་སྨི་110ཙམ་དང་ཐད་ཀའི་བར་ཐག་སྤྱི་ལེ་300ལས་མེད་ཀྱང་ས་བབ་མཐོ་དམའི་དབར་སྨི་7600ལྷག་ཟིན་གྱི་ཡོད།

    “དེར་སྐྱེས་པའི་རི་སྐྱེས་ངང་ལག་དུས་བཞིར་སྨིན་ཞིང་། ཤིང་འབྲས་ཉིང་མོང་ཡང་ཧ་སྨི་ཀྭ་བཞིན་ཆེན་པོ་ཡོད། གཞེས་ནིང་ང་ཚོས་ཚ་བའི་ཡུལ་དུ་སྐྱེ་བའི་ཤིང་འབྲས་ནང་འདྲེན་བྱས་ནས་བཏབ་པས་ང་ཚོའི་ཧྥུའུ་ཧྲན་གྱི་མེ་ཏོག་བཞད་ཡུན་དང་འབྲས་བུ་བཏགས་ཡུན་ལས་སྔ་བ་འདུག་ཅེས་ཀོང་ཏུང་ཧྥུའུ་ཧྲན་གྱི་བོད་སྐྱོར་ལས་བྱེད་པ་མེ་ཏོག་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཤེ་གོ་ཀའོ་ཡིས་གསར་འགོད་པར་དེ་ལྟར་བཤད།

    མེ་ཏོག་ཏུ་ཆར་ཆུར་འབེལ་བ་དང་སྐྱེ་དངོས་སྣ་ཚོགས་སྐྱེ་བས་གོ་ལའི་ཕྱེད་བྱང་མའི་འཕྲེད་ཐིག་གཅིག་ཏུ་གནས་པའི་ཆར་ཆུ་དང་དྲོད་ཚད་ཀྱི་མཐུན་རྐྱེན་གཞན་ལས་ལྷག་པ་མ་ཟད། མེ་ཏོག་གིས་གཙོས་པའི་ཡར་ཀླུང་གཙང་པོའི་རོང་ཆེན་ལ“འཛམ་གླིང་གི་སྲོག་ཆགས་དང་སྐྱེ་དངོས་ཀྱི་རྟེན་རྫས་བཤམས་མཛོད་ཁང”དང“འཛམ་གླིང་གི་སྐྱེ་དངོས་གཞི་རྒྱུའི་མཛོད”ཅེས་པའི་སྙན་མཚན་ཐོབ་ཡོད།

    རི་དང་ནགས་སྲུང་མཁན་ཡོད་པས་ནགས་ཚལ་ཁེབས་ཚད་ཆེས་ཆེར་མང་དུ་སོང་བ།

    མེ་ཏོག་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་མོན་པ་དང་ལྷོ་པ་འདུས་སྡོད་ཁུལ་ཞིག་ཡིན་པ་དང་། ཞིང་ལས་ཐོན་སྐྱེད་བྱེད་སྟངས་ཧ་ཅང་སྟབས་བདེ་རེད།

    “སྔོན་མ་རིའི་སྟེང་རྩི་ཤིང་མེད་སྟབས་ཕྲུ་གུ་ཆུང་ཆུང་གི་མགོ་བོའི་སྐྲ་བཞར་བ་ལྟ་བུར་སྣང”ཞེས་བདེ་ཞིང་ཤང་ཧོ་ར་གྲོང་ཚོའི་ཡུལ་མི་སྐར་མ་ལྷ་མོས་སྒེའུ་ཁུང་ནས་ཕྱིའི་ནགས་ཚལ་ལ་མཛུབ་མོ་འཛུགས་བཞིན་དུ་བཤད། ཁོང་གིས“སྲིད་གཞུང་གིས་ང་ཚོར་རྨོ་བསྐྱུར་ནགས་གསོའི་འབོད་སྐུལ་མ་བྱས་གོང་ཚང་མས་ཤིང་གཅོད་གང་ཐུབ་དང་མེ་ཤིང་གསོག་གང་ཐུབ་བྱས་སྟབས་རྩི་ཤིང་མེད་པའི་གཡའ་རི་ལྟ་བུར་གྱུར”ཞེས་གསར་འགོད་པར་བཤད།

    ལོ་ངོ་ཁྲི་སྟོང་གི་ལོ་རྒྱུས་ལྡན་པའི་སྐྱེ་དངོས་འཁོར་འབྲེལ་ཆ་ལག་ཚང་བའི་ངང་ཉར་ཚགས་ཐུབ་ཆེད། རྒྱལ་ཁབ་ཀྱིས་དེ་གར་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་། 2000ལོར། རྒྱལ་ཁབ་རིམ་པའི་མེ་ཏོག་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་རིམ་པའི་བོད་ཀྱི་ཡར་ཀླུང་གཙང་པོའི་རོང་ཆེན་རང་སྲུང་སྐྱོང་ཁུལ་རྒྱ་བསྐྱེད་པ་མ་ཟད། སྲུང་སྐྱོང་བྱ་ཡུལ་གཙོ་བོའང་ཁ་གསལ་བཟོས་པ་རེད།

    ལོ་20ཙམ་འབད་བརྩོན་བྱས་པ་བརྒྱུད། ད་ཆ་རང་བྱུང་སྲུང་སྐྱོང་ཁུལ་ནང་སྤྱིར་རི་དང་ནགས་ལ་སྲུང་མཁན་ཡོད་པས་ཤིང་གང་བྱུང་གཅོད་པ་དང་། རྔོན་གང་བྱུང་རྒྱག་པ། གང་བྱུང་སྔོག་པ། བསྲེགས་རྨོད་གྲིས་འདེབས་སོགས་བྱས་ནས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་སྣང་ཚུལ་བཀག་སྟབས། ནགས་ཚལ་དུ་རྩི་ཤིང་ཁེབས་ཚད་ཆེས་ཆེར་མང་དུ་སོང་ནས་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པོ་ཡོང་བར་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    རྨོ་བསྐྱུར་ནགས་གསོ་བྱས་སྟབས་ཞིང་པ་སྣོད་བཅུད་སྲུང་བའི་སྤྱི་ཕན་ལས་གནས་ཐོག་ལས་ཞུགས་ཐུབ་པ།

    2000ལོར། མེ་ཏོག་རྫོང་གིས་རྨོ་བསྐྱུར་ནགས་གསོ་བྱེད་འགོ་ཚུགས་ནས་ད་བར་ཡུལ་དེ་གའི་ཞིང་པ་ཕལ་མོ་ཆེ་སྤྱི་ཕན་ལས་གནས་ཐོག་ལས་ཞུགས་ཐུབ་སྟེ། རང་རང་གི་ཁྱད་ཆོས་ལ་གཞིགས་ནས་ནགས་སྲུང་བ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་མཁན། ས་གཤིས་ཀྱི་གནོད་འཚེ་ལྟ་ཞིབ་བྱེད་མཁན་སོགས་སུ་གྱུར་ནས། སྤྱི་ཕན་ལས་གནས་རེ་ནས་ལོ་ལྟར་སྲིད་གཞུང་གི་ཁ་གསབ་སྒོར་3000ཙམ་རག་པའི་ཁར། ད་དུང་དམངས་ཕན་གྱི་སྲིད་ཇུས་གཞན་བསྡོམས་ན་དེ་གའི་མང་ཚོགས་ལ་ལོ་ལྟར་སྲིད་གཞུང་གི་ཁ་གསབ་སྒོར་ཁྲི་ཙམ་རག་གི་ཡོད།

    ད་ཆ་མེ་ཏོག་གི་གྲོང་ཁྱེར་དང་གྲོང་གསེབ་ཏུ་བསྐྱོད་ཚེ། གང་སར་སྔོ་ཐིང་ངེར་གནས་པ་མཐོང་རྒྱུ་ཡོད་པ་མ་ཟད། “སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱས་ནས་སྣོད་བཅུད་སྲུང་མཁན་ཡག་པོ་ཞིག་བྱེད་པ”དང་། “སྣོད་བཅུད་སྲུང་མཁན་ཡག་པོ་ཞིག་བྱས་ནས་སྣོད་བཅུད་བཟང་བའི་ཁྱིམ་གཞིས་མཉམ་དུ་སྐྲུན” “བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་ལ་སྲུང་སྐྱོང་བྱེད་པ”སོགས་ཀྱི་སྦྱར་ཡིག་མཐོང་རྒྱུ་ཡོད་ལ། གྲོང་ཚོའི་མདོ་ཁ་མི་རེ་ངོ་རེར་ནགས་ཚལ་སྲུང་སྐྱོང་ས་ཚིགས་རེ་ཡོད་པ་དང་དེ་དག་ལ་ནགས་སྲུང་བ་གཉིས་ནས་གསུམ་བར་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མེ་ཏོག་རྫོང་ལ་ནགས་སྲུང་བ་2172དང་ལྟ་སྲུང་རུ་དཔོན་53ཡོད། “ཁོ་བོས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་མཁན་ལོ་20བྱས་པ་ཡིན། དེའི་རིང་བྷང་ག་ལའི་སྟག་གི་རྐང་རྗེས་མཐོང་མྱོང་ལ། གླ་བ་དང་དོམ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱང་མཐོང་མྱོང”ཞེས་མེ་ཏོག་གྲོང་རྡལ་ལྤག་རི་གྲོང་ཚོའི་ལྟ་སྲུང་རུ་ཁག་གི་རུ་དཔོན་ཤེས་རབ་ཀྱིས་བཤད།

    ཉེ་ཆར། མེ་ཏོག་རྫོང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འཆར་གཞི་དང་། སྣོད་བཅུད་བཟང་བའི་ཤང་དང་གྲོང་རྡལ་གྱི་སྒྲིག་ཁོངས་སྙན་ཞུ་སོགས་ཀྱི་ལས་དོན་ལེགས་གྲུབ་ཟིན་ཞིང་། ད་ཆ་སྣོད་བཅུད་ལ་བརྟེན་ནས་རྫོང་གཏོད་པའི་མེ་ཏོག་གིས་དབུལ་སྒྲོལ་འགག་སྒྲོལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་གཅིག་ཏུ་སྤེལ་བའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།