[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་དུ་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་45%ལས་བརྒལ་ནས་རྩྭ་ཐང་གི་སྣོད་བཅུད་སླར་གསོ་ལེགས་སུ་འགྲོ་བཞིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-27

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ལྟ་སྐུལ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པ་ལྟར་ན། 2010ལོ་ནས་2017ལོའི་བར་བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་རྩྭ་སའི་སྔོ་ཁེབས་ཕྱོགས་བསྡུས་ཁྱབ་ཚད་བརྒྱ་ཆའི་གྲངས་2.5མང་དུ་ཕྱིན་ནས་45.2%ཟིན་ཡོད། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་གི་གཙོ་གནད་འདུ་འགོད་མང་པོ་ཞིག་ལག་བསྟར་ཤུགས་ཆེན་བྱས་པ་དང་བསྟུན་ནས་ཡུལ་དེ་གའི་རྩྭ་ཐང་སྣོད་བཅུད་རྒྱུན་མཐུད་ངང་སླར་གསོ་ལེགས་པོ་བྱུང་ཁར་ཞིང་འབྲོག་ཁུལ་གྱི་སྣོད་བཅུད་དང་དཔལ་འབྱོར་གཉིས་ཀར་ཕན་འབྲས་ཐོན་ཡོད་པ་རེད།

    གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། ལོ་7ཙམ་གྱི་རིང་། བོད་དུ་ཁྱབ་ཚད་ཆེ་བའི་སྔོ་ཁེབས་ཀྱི་རྒྱ་ཁྱོན་8.2%ཡན་ཆེ་རུ་སོང་བ་དང་། ངམ་རིང་དང་། ཁང་དམར། འབྲོང་པ། སྣ་དཀར་རྩེ། ནག་ཆུ་རྫོང་བཅས་རྫོང་5ཡི་ཕྱུགས་བཀག་ཁུལ་གྱི་ཕན་འབྲས་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཕྱུགས་བཀག་ཁུལ་དང་ས་ཆ་གཞན་བསྡུར་ཚེ་སྔོ་ཁེབས་ཁྱབ་ཚད་ཆ་སྙོམས་བརྒྱ་ཆའི་གྲངས་15.1མཐོ་རུ་ཕྱིན་པ་དང་། རྩའི་རིང་ཚད་དང་རྩྭའི་ཐོན་འབོར་ཆ་སྙོམས་39%དང་51%སོ་སོར་འཕར་ཞིང་། ལྗོངས་ཡོངས་ཀྱི་རྩྭ་སའི་སྣོད་བཅུད་ནུས་པ་དང་རིན་ཐང་རིམ་གྱིས་ཆེ་རུ་སོང་ཡོད་པ་རེད།

    རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་ཆེ་རུ་སོང་བ་ནི་ཕྱུགས་བཀག་འདུ་འགོད་དང་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་སོགས་རྩྭ་ཐང་སྣོད་བཅུད་ཀྱི་འདུ་འགོད་མང་པོ་ལག་ལེན་བསྟར་བ་ལས་བྱུང་བ་ཞིག་རེད། ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱིས་2009ལོ་དང་2010ལོར་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་ཚོད་ལྟ་བྱས་པས་རང་འགུལ་ངང་སྲུང་སྐྱོང་བྱེད་པའི་ཞིང་འབྲོག་པའི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། ན་ནིང་བོད་ཀྱིས་རྩྭ་ཐང་གི་ཁ་གསབ་བྱ་དགའ་དང་ལས་རྗེས་དཔྱད་ཞིབ་ལ་དངུལ་སྒོར་དུང་ཕྱུར་32ལྷག་ཙམ་བཏང་བ་དང་། 2017ལོར་ཀྲུང་དབྱང་གིས་བོད་ཀྱི་རེས་སྐོར་གསར་པའི་རྩྭ་ཐང་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་28.8དང་ལས་རྗེས་དཔྱད་ཞིབ་ལ་དངུལ་སྒོར་དུང་ཕྱུར་3.8ཙམ་གཤམ་སྤྲོད་བྱས་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་གཞོན་པ་ཞའོ་ཁྲང་ཝེ་ཡིས། མིག་སྔའི་བར་ལྗོངས་ཡོངས་སུ་ཕྱུགས་བཀག་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་12938ཟིན་པ་དང་། ལྗོངས་ཡོངས་སུ་ད་ལོ་ནས་བཟུང་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་རྣམ་གྲངས་ནང་ཤིན་ཏུ་དབུལ་བ་དང་མཐའ་མཚམས་ས་ཁུལ་གྱི་མི་འབོར་ཞུགས་ཚད་དང་ཕན་པ་ཐོབ་ཚད་མཐོ་རུ་བཏང་ཞིང་། གཞན་ཡང་། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་གཙོ་གནད་རྣམ་གྲངས་ལག་ལེན་བསྟར་ཁྱོན་ཆེ་རུ་བཏང་ཁར་འབྲོག་ཁུལ་དང་ས་མ་འབྲོག་རྫོང་དུ་ལག་བསྟར་བྱས་པའི་ཐོག་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་500བརྒལ་བའི་ཞིང་ལས་རྫོང་11ཚང་མ་སྐྱས་སྤོས་རྩྭ་གསོའི་འདུ་འགོད་ལག་བསྟར་བྱ་ཡུལ་གྱི་ཁྱབ་ཁོངས་སུ་བཅུག་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    རྩྭ་ཐང་སྣོད་བཅུད་རྣམ་གྲངས་ལ་འབྲོག་པས་རྒྱབ་སྐྱོར་བྱེད་ཚད་ཉིན་བཞིན་ཆེ་རུ་སོང་བ་དང་བསྟུན་ནས་བོད་ཀྱི་འབྲོག་ལས་གྲུབ་ཆ་རིམ་བཞིན་ཚན་རིག་དང་མཐུན་པར་གྱུར་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ལག་ཡོད་ཕྱུགས་གྲངས་2010ལོའི་མགོ་གྲངས་ཁྲི་2321ནས་སྔོན་དཔག་བྱས་ན་2017ལོའི་མགོ་གྲངས་ཁྲི་1800མན་བར་ཇེ་ཉུང་དུ་འགྲོ་རྒྱུ་རེད། རང་བྱུང་རྩྭ་ཐང་གི་རྩྭ་སོས་པ་ཐོན་འབོར་ཏུན་ཁྲི་7800ནས་ཏུན་ཁྲི་9700བར་མང་དུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།