[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • གནའ་གྲོང་གི་རྣམ་པ་གསར་པ། ཕ་ཡུལ་ལ་བཅངས་པའི་འཕྲེང་སེམས།

    —— ལྷ་སའི“གཙང་པོ་མཚེའུ་ལ་འགྱུར་བའི”སྣོད་བཅུད་མཛེས་ལྗོངས་ལས་གྲྭ་ལག་བསྟར་བྱས་པའི་གནས་ཚུལ་ཐོར་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-10

    གཟའ་མཇུག་ཏུ་སླེབས་རིམ་བཞིན་ལྷ་སའི་ཤར་འདབས་སུ་སྡོད་མཁན་བསོད་ནམས་ཚེ་རིང་གིས་ནང་མི་དང་མཉམ་དུ་ལྷ་ས་སྐྱིད་ཆུའི་ཆུ་འགག་ཨང་3པར་སྐྱིད་ཆུའི་འགྲམ་གྱི་མཛེས་ལྗོངས་དང་འདབ་ཆགས་པར་ལེན་བར་སྐྱོད་ཀྱི་ཡོད། རང་ཉིད་ཀྱིས་དགའ་ཞེན་བྱེད་པའི་པར་རྒྱག་གི་སྐོར་གླེང་སྐབས་ཁོང་གིས“ན་ནིང་དགུན་དུས་ཀྱི་ཉིན་མོ་ཞིག་ང་དང་གྲོགས་པོ་ཚོ་ཆུ་འགྲམ་གྱི་སྤྱི་གླིང་དུ་རྩེད་མོ་རྩེ་བར་སྐྱོད་སྐབས། ཉི་མ་ནུབ་ཁའི་མཚམས་སུ་ཆུ་ངོས་སུ་རླབས་ཕྲེང་ཡང་ཡང་འཕྱུར་བ་དང་ཆུ་བྱ་རྣམས་སྐབས་རེ་གཤོག་རྩལ་ངོམས་པ་དང་སྐབས་རེ་འཕུར་ལྡིང་བྱེད་པའི་རྣམ་པ་ལྟ་ན་སྡུག་པ་ཞིག་འདུག དེ་རྗེས་ངས་དུས་ངེས་མེད་ངང་དེ་གར་བསྐྱོད་ནས་པར་རྒྱག་འཕྲུལ་ཆས་སྤྱད་དེ་ཆུ་འགག་ཨང་3པའི་དུས་ཚིགས་མི་འདྲ་བའི་མཛེས་ལྗོངས་པར་དུ་ལེན་གྱི་ཡོད”ཅེས་དྲན་གསོ་བྱེད་བཞིན་དུ་བཤད།

    ཆུང་དུས་ནས་ལྷ་སར་འཚར་ལོངས་བྱུང་བའི་བསོད་ནམས་ཚེ་རིང་གིས་ལྷ་སའི་སྐྱིད་ཆུའི་འགྲམ་དུ་ཐེངས་མང་སྐྱོད་མྱོང་བ་དང་རྟག་ཏུ་ཆུ་འགྲམ་ནས་རྒྱང་རིང་དུ་ལྟ་སྐབས་ཁོང་གི་སེམས་ལ“ལོ་ཤས་གོང་དུ་ལྟ་བས་མི་ངོམས་པའི་མཛེས་ལྗོངས་དེ་ལྟ་བུ་ག་ལ་ཡོད”སྙམ་གྱི་ཡོད།

    “སྔོན་ཆད་ཆུ་ཆུང་དུ་འགྲོ་བའི་དུས་སུ་ལྷ་ས་སྐྱིད་ཆུའི་ཆུ་ཁ་ཧ་ཅང་དམའ་བ་དང་བྱེ་རླུང་ལྡང་ཚེ་གང་སར་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད”ཅེས་བསོད་ནམས་ཚེ་རིང་གིས་བཤད།

    མི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་ཆེད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང“ལྷ་ས་སྐྱིད་ཆུའི(གྲོང་ཁུལ་དུམ་བུ)ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ”ཉིན་རེའི་གྲོས་རིམ་ནང་བཅུག་ཅིང་། 2013ལོའི་ཟླ་3པའི་ཟླ་མཇུག་ཏུ་མ་དངུལ་བསྡོམས་སྒོར་དུང་ཕྱུར་35.32བཏང་བའི་ལྷ་ས་སྐྱིད་ཆུའི(གྲོང་ཁུལ་དུམ་བུ)ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་འཛུགས་སྐྲུན་ལས་འགོ་བཙུགས་པ་དང་ལས་གྲྭ་དེས་སྤྱི་ལེ་20ཡི་ཁྱབ་ཁོངས་སུ་ཆུ་འགོག་ཆུ་རགས་6བསྐྲུན་རྒྱུའི་འཆར་གཞི་བཏིངས་པ་དང་ཆུ་འགག་བསྐྲུན་ཡུལ་ཚང་མ་ཆུ་རྒྱུག་བདེ་བའི་དུམ་བུ་བདམས་ཡོད། ལས་གྲྭ་ལག་བསྟར་བྱས་པ་དེས་ལྷ་སའི་འབྲུབ་འགོག་བསྲུང་ཡུལ་བསྐྲུན་པ་དང་དུས་མཚུངས་ཆུ་ལམ་གྱི་ཆུ་ཁ་མཐོ་རུ་བཏང་ནས་མཚོ་ངོས་ཡངས་པོ་ཞིག་ཆགས་ཏེ་ཆུ་ལམ་བཅོས་སྐྱོང་དང་། ཁོར་ཡུག་མཛེས་བཟོ། མཛེས་ལྗོངས་སྐྲུན་པ་བཅས་བྱས་ཡོད།

    2014ལོའི་ཟླ་10པར་ཆུ་འགག་ཨང་3པར་ཆུ་གསོག་ལམ་ལྷོངས་བྱུང་ནས་ལྷ་སར་ཆ་སྙོམས་ཆུའི་གཏིང་ཚད་སྨི་2.5དང་། ཆ་སྙོམས་ཆུ་ངོས་ཞེང་ཚད་སྨི་300ལྷག་ཙམ། ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་105ཙམ་བཅས་ཡོད་པའི་མི་བཟོས་མཚེའུ་ཞིག་བསྐྲུན་ཡོད། ལྷ་ས་སྐྱིད་ཆུའི་ཆུ་འགག་ཨང་3པའི་དོ་དམ་སུའོ་ཡི་ལས་དོན་པ་ཅ་ལིན་ཕིན་གྱིས་ཆུ་འགག་ཨང་3པར་ཆུ་བསགས་རྗེས་ཆུ་ཆུང་དུས་ཀྱི་སྐབས་སུའམ་ཡང་ན་རྒྱུན་གཏན་གྱི་སྐབས་སུ་ལྷ་ས་སྐྱིད་ཆུའི་ཆུ་ཁ་མཐོ་པོ་ཆགས་ཏེ་གྲོང་ཁྱེར་གྱི་འབྲུབ་འགོག་མ་ལག་འཐུས་ཚང་དང་། གྲོང་ཁྱེར་གྱི་ཁོར་ཡུག་ཆ་རྐྱེན་ལེགས་གཏོང་། གྲོང་ཁྱེར་གྱི་གནས་བབ་རིམ་སྤོར། ལྷ་སའི་ས་འོག་ཆུ་ཁ་གསབ་འབོར་ཆེན་བྱེད་པ་བཅས་ལ་ཕན་ཐོགས་ཡོད་པ་མ་ཟད། ད་དུང་སྣོད་བཅུད་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཆེན་པོ་ཐོན་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད། “གཙང་པོ་མཚེའུ་ལ་འགྱུར་བའི”ལས་གྲྭས་ལྷ་ས་སྐྱིད་ཆུའི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཆེན་པོ་ཕྱིན་པ་དང་གྲོང་ཁྱེར་གྱི་གསོ་རླུང་འདུས་ཚད་དང་རློན་ཚད་ཆེ་རུ་བཏང་ཞིང་། མིག་སྔར་ལྟ་ཞིབ་ཚད་འཇལ་བྱས་པར་གཞིགས་ན། ཆ་སྙོམས་རློན་ཚད་7%-8%བར་མཐོ་རུ་གཏོང་ཐུབ་ཀྱི་ཡོད།

    ཅ་ལིན་ཕིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྣེའུ་ཟམ་ཆེན་གྱི་ཆུ་བོའི་སྨད་རྒྱུད་ཀྱི་ཆུ་འགག་ཨང་2པའི་རྣམ་གྲངས་2015ལོའི་ཟླ་5ཚེས་10ཉིན་སྐྲུན་འགོ་བཙུགས་པ་དང་། 2016ལོའི་ཟླ་12ཚེས་30ཉིན་ལེགས་གྲུབ་ཟིན་ཞིང་། ལས་གྲྭ་དེར་མ་དངུལ་སྒོར་དུང་ཕྱུར་2.7དང་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་102ཟིན་པ་དང་། གཉེན་བསུ་ཟམ་ཆེན་གྱི་ཆུ་བོའི་སྨད་རྒྱུད་སྨི་136གི་སར་གནས་པའི་ཆུ་འགག་ཨང་4པའི་རྣམ་གྲངས་ལེགས་གྲུབ་ཟིན་པ་དང་ཆུ་འགག་ཨང་4པའི་རིང་ཚད་ཡོངས་ལ་སྨི་583.3ཡོད་ཅིང་། ཆུ་འགག་དེ་རིང་ཚད་སྨི་526.9ཡོད་པའི་འགྱིག་གི་ཆུ་རགས་དང་སྨི་56.4ཡོད་པའི་སྙོམས་སྒྲིག་ཆུ་འགག་ལས་གྲུབ་ནས་ཆུ་གསོག་གཞི་ཁྱོན་མུའུ་1400ལྷག་ཙམ་ཟིན་ཡོད།

    ཆུ་འགག་ཨང་2པ་དང་ཨང་4པར་གཅིག་རྗེས་གཉིས་མཐུད་ངང་ཆུ་བསགས་རྗེས་བཀོལ་སྤྱོད་བྱེད་བཞིན་པའི་ཆུ་འགག་ཨང་3པ་དང་མཉམ་དུ་ལྷ་ས་སྐྱིད་ཆུར་མ་བཅོས་ལྷུན་གྱིས་གྲུབ་པའི་ཆུ་བོའི་མཛེས་ལྗོངས་ཤིག་ཆགས་རྒྱུ་རེད།

    2015ལོའི་ཟླ་9པར་ཆུ་འགག་ཨང་3པའི་ཆུ་བོའི་མཛེས་ལྗོངས་ལ་བརྟེན་ནས་བསྐྲུན་པའི་ཆུ་འགྲམ་སྤྱི་གླིང་གི་རྣམ་གྲངས་བསྐྲུན་ཟིན་ནས་འཁོར་རྒྱུག་བྱས་པ་དང་ས་ངོས་རྒྱ་ཁྱོན་སྨི་ངོས་གྲུ་8000དང་ཆུ་ཁོངས་རྒྱ་ཁྱོན་སྨི་ངོས་གྲུ་5000ཡོད་པའི་ཆུ་འགྲམ་སྤྱི་གླིང་གིས་གནས་མཆོག་ལྷ་སར་ཡངས་པའི་ཆུ་འགྲམ་མཛེས་ལྗོངས་དང་སྣོད་བཅུད་བཟང་བའི་འདམ་རའི་བར་ཁྱམས་ཤིག་བཏོད་ཅིང་། སྤྱི་གླིང་དུ་རིགས་20ལྷག་ཙམ་ཡོད་པའི་ལྗོན་ཤིང་སྡོང་རྐང་2000ལྷག་ཙམ་དེ་དག་སྔོ་ཐིང་ངེར་གནས་པ་དང་མི་བཟོས་མཚེའུ་དང་། སྤྲོ་གསེང་གྲུ་གཟིངས་ཀྱི་གྲུ་ཁ། ཆུ་སྐྱེས་མེ་ཏོག་གི་འཇིམ་རྐོས་སོགས་བཀྲག་མདངས་འཚེར་ས་མང་བས་ལྷ་ས་སྐྱིད་ཆུའི་མཛེས་ལྗོངས་ལེགས་སུ་གཏོང་བ་དང་གྲོང་ཁྱེར་གྱི་གཟུགས་བརྙན་གནས་བབ་རིམ་སྤོར་དང་ཆུའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ནུས་པ་བཟང་པོ་ཐོན་ཐུབ་ཡོད།

    གྲོང་མི་བསོད་ནམས་ཚེ་རིང་གིས“ལྷ་ས་སྐྱིད་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་ཕན་འབྲས་མངོན་པ་དང་སྟོད་ལུང་གཙང་པོ་དང་མ་ཡུར—བྱེ་རགས་ཀྱི་སྣོད་བཅུད་མཛེས་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལའང་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་ཡིན་པའི་ཡིད་ཆེས་ཡོད”ཅེས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་བྱེད།

    ད་ཆའི་ལྷ་སའི་ལྷོ་ངོས་སུ་མཚེའུ་དང་བྱང་རྒྱུད་དུ་འདམ་ར་ཡོད་ཅིང་། ཚན་རིག་དང་མཐུན་པའི་སྣོད་བཅུད་ཁོར་ཡུག་འཆར་འགོད་བྱས་ཏེ་གནའ་གྲོང་ལྷ་སར་ནམ་མཁའ་སྔོ་བ་དང་། ས་གཞི་ལྗང་བ། ཆུ་མོ་གཙང་བ། མི་དང་ཆུ་བོ་ཞི་མཐུན་འཕེལ་རྒྱས་འགྲོ་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་རང་ཤུགས་སུ་མངོན་བཞིན་མཆིས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།