[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བཞད་མཐོང་སྨོན་རྫོང་ཁ་དཀར་གྲོང་ཚོའི་ཆུ་ཚན་ཐོན་ལས་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-06

    676173_yis_1572758187229.jpg

    འདི་ནི་ཆུ་ཚན་མགྲོན་ཁང་དུ་ལས་ཀ་བྱེད་བཞིན་པའི་རྨོ་བོ་བཟང་མོ་ཡིན་པ། 

    ཡར་ཀླུང་གཙང་པོའི་བྱང་ངོས་སུ་གནས་པའི་བཞད་མཐོང་སྨོན་རྫོང་དུ་རྩྭ་ཆུ་བཟང་ལ་དམིགས་བསལ་གྱི་ཆུ་ཚན་གྱི་ཐོན་ཁུངས་ཡོད། རྫོང་གྲོང་ལྷོ་རྒྱུད་ཀྱི་སྤྱི་ལེ་2.5ཙམ་དུ་ཆགས་པའི་ཁ་དཀར་གྲོང་ཚོར་ས་འོག་ཚ་ནུས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་མ་ཟད། དེའི་ནང་མིའི་ལུས་པོར་ཕན་པའི་ཟངས་དང་ཏི་ཚ་སོགས་ཀྱི་གཏེར་རྒྱུ་མང་པོ་ཡོད་པས། གྲུམ་ནད་དང་ལྤགས་ནད་སོགས་ལ་ཧ་ཅང་ཕན་པོ་ཡོད། ཐུན་མིན་གྱི་ས་འོག་ཚ་ནུས་ཐོན་ཁུངས་དེ་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོ་བྱད་ཅིག་ཏུ་གྱུར་ཞིང་། ཁ་དཀར་གྲོང་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཆུ་ཚན་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་གང་ལེགས་བྱས་ནས། དུད་ཚང་དབུལ་པོ་རྣམས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་རང་མགོ་རང་ཐོན་དང་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་རོགས་རམ་བྱས་པ་རེད།

    ཁ་དཀར་གྲོང་ཚོའི་ས་ཕྱོགས་གང་སར་ཆུ་ཚན་འགྲུལ་ཁང་དང་ཁྱིམ་ཚང་མགྲོན་ཁང་གིས་ཁེངས་པ་དང་། བསྡོམས་རྩིས་བྱས་པར་གཞིགས་ན། གྲོང་ཚོ་ཡོངས་སུ་དུད་ཚང་14ཡིས་ཆུ་ཚན་འགྲུལ་ཁང་གཉེར་བ་དང་དུད་ཚང་15ཡིས་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད་པ་རེད།

    2019ལོར་གྲོང་ཚོའི་ཆུ་ཚན་འགྲུལ་ཁང་གི་སྦྱིན་བདག་བསོད་ནམས་དབང་འདུས་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་གསར་སྤེལ་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་རི་པིན་ཧྥུའུ་ཀང་དུ་ལྟ་སྐོར་དང་རྟོག་ཞིབ་བྱེད་པའི་སྐྱོད་པའི་བྱེད་སྒོའི་ནང་ཞུགས་པ་དང་། རི་པིན་ནས་ལོག་རྗེས་བསོད་ནམས་དབང་འདུས་ལ་བློ་སྐྱེས་ཆེན་པོ་བྱུང་བ་མ་ཟད། མི་གཞན་གྱི་ཉམས་མྱོང་ཡང་མང་པོ་ཤེས་ཡོད། ཁོང་གིས“རི་པིན་གྱི་ཆུ་ཚན་རྒྱག་སའི་རྒྱུ་ཆ་ཚང་མ་ཤིང་ཡིན་པས་བདེ་འཇགས་ཆེ་བ་མ་ཟད། བུ་དང་བུ་མོ་ཁག་ཁག་རེད་ལ་རྐང་པ་འཁྲུ་ས་དང་གཟུགས་པོ་འཁྲུ་ས་ཡང་ཁག་ཁག་ཡིན་པས་གཙང་སྦྲ་དོད་པོ་འདུག”ཅེས་བཤད། གོམ་སྟབས་རྗེས་མར། ཁོང་གིས་བསྐྱར་དུ་མཛེས་བཟོ་བྱས་ནས་གཞི་ཁྱོན་ཆེ་རུ་བཏང་སྟེ་ཆུ་ཚན་འགྲུལ་ཁང་གི་རིམ་པ་མཐོ་རུ་གཏོང་རྩིས་ཡོད་པ་རེད། མིག་སྔར་བསོད་ནམས་དབང་འདུས་ཀྱིས་གྲོང་ཚོའི་ནང་ཆུ་ཚན་མཉམ་ལས་ཁང་ཞིག་བསྐྲུན་ཏེ། དུད་ཚང་དབུལ་པོ་8རང་ཉིད་ཀྱི་ཆ་རྐྱེན་གཞིར་བཟུང་མ་དངུལ་འཇོག་ཏུ་འཇུག་རྩིས་ཡོད་པ་རེད། བསོད་ནམས་དབང་འདུས་ཀྱིས“རང་ཉིད་ཏང་ཡོན་ཞིག་ཡིན་པ་དང་། སྟོབས་ཤུགས་ཕྲན་ཙམ་བཏོན་ནས་དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུར་རོགས་རམ་བྱེད་འདོད་ཡོད”ཅེས་བཤད། མིག་སྔར་ཁོང་ཁྱིམ་གྱི་ཆུ་ཚན་འགྲུལ་ཁང་གི་ལས་མི་ཚང་མ་གྲོང་ཚོའི་དུད་ཚང་དབུལ་པོ་ཡིན་པ་དང་། ཁོང་ཚོར་ཟླ་རེར་གླ་ཆ་སྒོར་2500སྤྲོད་ཀྱི་ཡོད་ལ། ལོ་མཇུག་ཏུ་བགོ་འགྲེམ་ཡང་རྒྱག་གི་ཡོད། དེས་མ་ཚད་ལས་མི་རྣམས་དགོང་མོ་ཁྱིམ་ལ་ལོག་ཆོག་པ་དང་ཞོགས་པ་ཆུ་ཚོད་བཅུ་གཅིག་བཅུ་གཉིས་ཙམ་ལ་གཞི་ནས་ལས་ཀར་ཡོང་ན་འགྲིག་གི་ཡོད། གལ་ཏེ་ཁྱིམ་ལ་ལས་ཀ་ཡོད་ཚེ། ག་དུས་ཡིན་ཡང་དགོངས་པ་ཞུ་ཆོག་པས་ཁྱིམ་ལ་ལྟ་རྟོག་དང་ཡོང་འབབ་གསོག་རྒྱུ་གཉིས་ཀར་འཐུས་ཤོར་འགྲོ་ཡི་མེད། དེ་གར་ལས་ཀ་བྱེད་བཞིན་པའི་དུད་ཚང་དབུལ་པོ་ཚང་མ་འདི་ལོ་དབུལ་གྲོལ་ཐུབ་ཡོད།

    སྒོ་རའི་ནང་ལས་ཀ་བྱེད་བཞིན་པའི་ཨ་མ་བཟང་མོ་ད་ལོ་ལོ་60ལ་སླེབས་པ་དང་། ཁྱིམ་ཚང་གི་ཆ་རྐྱེན་ཞན་ནའང་ཁོང་གིས་སྒུག་རྟེན་སློང་གསུམ་བྱེད་འདོད་མེད་པར་བསོད་ནམས་དབང་འདུས་ཁྱིམ་གྱི་ཆུ་ཚན་འགྲུལ་ཁང་དུ་ལས་མི་བྱེད་པར་ཡོང་གི་ཡོད།

    གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལྷག་པས་ངོ་སྤྲོད་བྱས་པར། གྲོང་ཚོའི་ནང་ཆུ་ཚན་ཐོན་ལས་ཕུད། ད་དུང་བོད་གྲི་དང་། ཀོ་ཆས། ཐང་ག ཁྱིམ་ཆས་སོགས་ཀྱི་མཉམ་ལས་ཁང་17ཡོད་པ་དེའི་ནང་3ནི་གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་ཡིན་པ་དང་། དེ་བྱིངས་ཀྱི་14ནི་གྲོང་མི་སོ་སོས་བཙུགས་པའི་མཉམ་ལས་ཁང་ཤ་སྟག་རེད། གྲོང་མི་ཚོའི་ཕྱུག་འགྱུར་གྱི་འདུན་པ་ཧ་ཅང་ཆེན་པོ་ཡོད། 2018ལོར་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་12340ཟིན་ཡོད་པ་རེད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡིན་ནའང་འདྲ། ཡང་ན་གྲོང་མི་སོ་སོས་བཙུགས་པའི་མཉམ་ལས་ཁང་ཡིན་ནའང་འདྲ། ཚང་མས་དུད་ཚང་དབུལ་པོ་དེའི་ནང་ཞུགས་སུ་བཅུག་ནས་ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་མིར་སྐུལ་ཁྲིད་བྱེད་ཀྱི་ཡོད། བྱེད་ཐབས་དེ་འདྲ་བརྒྱུད་དུད་ཚང་དབུལ་པོའི་བསམ་བློར་འགྱུར་ལྡོག་བྱུང་བ་དང་། དུད་ཚང་དབུལ་པོའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ནས་ཁོང་ཚོ་འབབ་འཕར་ཕྱུག་འགྱུར་བྱུང་ཡོད།

    གྲོང་ཚོའི་ཚེ་རིང་གཡང་ལགས་ལོ་40ཙམ་ལ་མ་གཏོགས་སླེབས་མེད་ན་ཡང་གཟུགས་པོ་ཐང་པོ་མེད་ཁར། ཁྱིམ་དུ་ནང་མི་གཞན་དག་མེད་ལ་ས་ཞིང་ཡང་མང་པོ་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གྲོང་ཚོའི་ཆུ་ཚན་འགྲུལ་ཁང་གི་སྦྱིན་བདག་རྡོ་ནོར་བཙལ་ཏེ་ཚེ་རིང་གཡང་ལགས་ཀྱི་ཁྱིམ་ཚང་གནས་ཚུལ་ངོ་སྤྲོད་བྱས་ནས་ཚེ་རིང་གཡང་ལགས་ཆུ་ཚན་འགྲུལ་ཁང་དུ་ལས་ཀར་འཇུག་རྒྱུའི་རེ་བ་བཏོན། རྡོ་ནོར་གྱིས་འཕྲལ་མར་ཁས་བླངས་པ་རེད། དེ་ལྟར་ཚེ་རིང་གཡང་ལགས་ལ་ཟླ་རེར་སྒོར་2000ལྷག་ཙམ་ཡོད་པའི་ལས་ཀ་ཞིག་རག ཚེ་རིང་གཡང་ལགས་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཟླ་རེར་གཏན་འཇགས་གླ་ཆ་ལེན་རྒྱུ་བྱུང་བས་ཁོ་མོའི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ལ་གཟུགས་པོ་ཡང་ཇེ་ཐང་དུ་འགྲོ་བཞིན་ཡོད།

    མི་སེར་གྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་ནའང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་དེར་བློ་ཡིད་ཚིམ་ནས་བསྡད་མེད། ཁ་དཀར་གྲོང་ཚོའི་ཨུ་ལྷན་གྱིས་གཟའ་འཁོར་རེར་ཉུང་མཐར་ཡང་གྲོང་ཚོའི་ནང་གཙང་སྦྲ་དང་། བཟའ་བཅའི་བདེ་འཇགས། མེ་ཟོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་ཀྱི་འཕྲལ་སྒྲུབ་ཞིབ་བཤེར་ཐེངས་རེ་བྱེད་པ་མ་ཟད། ཡུལ་སྐོར་བ་ཉུང་བའི་སྐབས་སུ་གྲོང་མིར་ཞབས་ཞུའི་སྤུས་ཚད་དང་། མེ་ཟོན། བཟའ་བཅའ་ལས་སྣོན་བཅས་ཐད་གསོ་སྦྱོང་བྱས་ནས། གྲོང་ཚོའི་ཆུ་ཚན་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བས། ཆུ་ཚན་ཐོན་ལས་དེ་ཁ་དཀར་གྲོང་ཚོར་རྒྱུན་མཐུད་ངང་གོང་འཕེལ་ཐུབ་པ་བྱུང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་བས་ལེགས་པའི་ངང་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་དང་མི་སེར་ཚང་མ་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་དང་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།