[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཐོན་ལས་འཕེལ་རྒྱས་རྣམ་པ་བཟང་། མང་ཚོགས་ཕྱུག་འགྱུར་རེ་བས་ཁེངས།

    ལྷུན་གྲུབ་རྫོང་སྲས་ཁང་གྲོང་ཚོས་གཟན་རྩྭ་བཏབས་ནས་མང་ཚོགས་དབུལ་སྒྲོལ་འབབ་འཕར་ལ་སྐུལ་ཁྲིད་བྱས་པའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་སྲས་ཁང་གྲོང་ཚོ་ས་མ་འབྲོག་གི་གྲོང་ཚོའི་ཁོངས་སུ་གཏོགས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་མཉམ་དུ་ཕྱུག་འགྱུར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱ་ཆེད། འདི་ལོ་ཚུན། དཔལ་འབྱོར་གླིང་ཤང་གིས་ས་ཞིང་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་ཞིང་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་རྒྱུན་ཆད་མེད་པར་བྱས་ཏེ་འདུ་ཤེས་སྒྱུར་བ་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་པས་སྲས་ཁང་གྲོང་ཚོའི་གཟན་རྩྭ་འདེབས་ཁྱོན་མུའུ་2000ཟིན་ཡོད་པ་རེད།

    སྲས་ཁང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཁྲེན་མིང་ཀྲུང་གིས་ངོ་སྤྲོད་བྱས་དོན། འདི་ལོ་གཟན་རྩྭ་འདེབས་པའི་ལོ་དང་པོ་དེ་རེད། གཟན་རྩྭ་བཏབ་པ་བརྒྱུད་གྲོང་ཚོ་དེ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོ་སྐོང་འཐེན་གང་ལེགས་ཐུབ་ནས་དུད་ཚང་དབུལ་པོ་ཕྱིར་ལས་ཀ་བྱེད་པར་སྐྱོད་པའི་གནད་དོན་ཐག་གཅོད་ཐུབ་སྟེ་སྲས་ཁང་གྲོང་ཚོའི་མང་ཚོགས་ཀྱི་འབྲུ་རིགས་ཐོན་འབབ་མང་དུ་ཕྱིན་པ་དང་ཐད་ཀར་དཔལ་འབྱོར་གྱི་ཡོང་འབབ་བྱུང་ཡོད།

    “ངའི་ཁྱིམ་ལ་མི་6ཡོད། ཕྲུ་གུ་2སློབ་གྲྭར་འགྲོ་མུས་ཡིན་པས་ངལ་རྩོལ་ནུས་ཤུགས་ང་རང་གཅིག་པུ་ལས་མེད། 2013ལོར་གནད་སྨིན་གསལ་འབྱེད་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་བྱུང་བས་འཚོ་བར་འགན་ལེན་ཐུབ་བྱུང་། ཡིན་ནའང་ཕྱུག་པོ་ཆགས་པར་སྲིད་གཞུང་གི་ཁ་གསབ་ཁོ་ནར་བརྟེན་རྒྱུ་མེད་པར་རང་གི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་དགོས། འདི་ལོ་གྲོང་ཚོས་གཟན་རྩྭ་བཏབ་པ་མཐོང་དུས་ང་རང་དེར་ཧུར་ཐག་ཞུགས་པ་ཡིན། གཟན་རྩྭ་སྐྱེ་ཚུལ་ཡག་པོ་འདུག་པས། འདི་ལོ་སླར་ཡང་ཡོང་འབབ་མི་ཉུང་བ་ཡོང་སྲིད”ཅེས་སྲས་ཁང་གྲོང་ཚོའི་ཡུལ་མི་རྒྱ་མཚོས་གསར་འགོད་པར་བཤད་བྱུང་།

    “ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ཡག་པོ་ཡོད་ན། གཞི་ནས་མང་ཚོགས་ཕྱུག་པོ་ཆགས་པའི་རེ་བ་ཡོད། གཟན་རྩྭ་འདེབས་པའི་རྣམ་གྲངས་དོན་འཁྱོལ་བྱེད་པའི་ཐད་མང་ཚོགས་རང་མོས་ཀྱི་རྨང་གཞིའི་ཐོག་གྲོང་ཚོའི་ཞིང་དུད་ཁ་ཐོར་རྣམས་ཟླ་སྒྲིལ་བཏང་ནས་གཅིག་སྡུད་བཀོད་སྒྲིག་བྱས་པས། གྲོང་ཚོའི་ཞིང་ལས་འདེབས་འཛུགས་གཞི་ཁྱོན་ཅན་དང་གཅིག་སྡུད་ཅན་ཆགས་ཡོད། ཚོད་རྩིས་ལ་གཞིགས་ན། ལོ་རེར་ཐོན་ཚད་སྤྱི་རྒྱ་ཁྲི་60ཟིན་པ་དང་། ཐོན་རྫས་རིན་ཐང་སྒོར་ཁྲི་140ཟིན་རེ་འདུག ལོ་མཇུག་ཏུ་ཕན་འབྲས་དངོས་གཞིར་བཟུང་བསྡུར་གྲངས་བཞིན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཁེ་སྤོགས་བགོ་ཡི་ཡིན”ཞེས་ཁྲེན་མིང་ཀྲུང་གིས་གསར་འགོད་པར་བཤད་པ་དང་། ཁོང་གིས་ཞིང་ལས་ཐོན་སྐྱེད་ཀྱི་ཚན་རིག་དང་མཐུན་པའི་འདེབས་འཛུགས་དོ་དམ་གྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་ནས་གཟན་རྩྭའི་ཐོན་འབབ་དང་སྤུས་ཚད་མཐོ་པོ་ཡོང་ཆེད། ད་དུང་སྲས་ཁང་གྲོང་ཚོས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་འདེབས་འཛུགས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་མང་ཚོགས་སྒྲིག་འཛུགས་བྱས་ནས་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱས་པ་དང་ཆབས་ཅིག་རིགས་གཅིག་མཁས་ཅན་གདན་དྲངས་ནས་ས་གནས་དངོས་སུ་ལག་རྩལ་མཛུབ་ཁྲིད་བྱས་ཡོད་ཅེས་བཤད།

    གོམ་སྟབས་རྗེས་མར། སྲས་ཁང་གྲོང་ཚོས་འདི་ལོ་གཟན་རྩྭ་བཏབ་པའི་རྨང་གཞིའི་ཐོག་འདེབས་ཁྱོན་མུ་མཐུད་ཆེ་རུ་གཏོང་བ་དང་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཤང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རྫོང་དེ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེད་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།