[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • སྦྲང་གསོ་བ་མིག་དམར་ཁྱོ་ཤུག་གཉིས་པོས་བདེ་སྐྱིད་ཀྱི་འཚོ་བ་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-08

    ཟླ་བ་བརྒྱད་པར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་གི་ཕྱོགས་གང་སར་མེ་ཏོག་གི་དྲི་ཞིམ་འཐུལ་ལ་སྦྲང་ནོར་བུ་དང་ཕྱེ་མ་ལེབ་ཅི་དགར་འཕུར་བཞིན་མཆིས།

    “དེའི་གོང་གི་སྦྲང་རྩི་བསྡུས་ནས་ཉིན་25སོང་བས་ད་ཆ་རེས་སྐོར་གསར་པའི་སྦྲང་རྩི་བསྡུ་དུས་ལ་སླེབས་ཀྱི་འདུག ཉིན་འདི་དག་རིང་སྐྱེད་པ་ཤང་དུ་གནམ་གཤིས་ཡག་པོ་བསྟན་པ་ལས་སྦྲང་ནོར་བུ་གསོ་བར་ཆ་རྐྱེན་ཡག་པོ་བྱུང་བ་མ་ཟད། སྦྲང་རྩིའི་སྤུས་ཚད་ཀྱང་ཡག་པོ་ཡོང་རྒྱུ་རེད”ཅེས་མིག་དམར་གྱིས་བཤད།

    མིག་དམར་དང་སྒྲོལ་མས་ངོ་ཁེབས་གྱོན་ཏེ་གཟབ་ནན་ངང་སྦྲང་སྒམ་ཁ་ཕྱེ་བ་དང་། སྒྲོལ་མས་སྦྲང་ཚང་གི་བུ་ག་ནས་སྦྲང་རྩི་ཕྲན་བུ་བླངས་ཏེ་སྦུ་གུ་འཁྱེར་ནས་གར་ཚད་ཞིབ་བཤེར་ཚད་ལེན་འཕྲུལ་ཆས་ཀྱི་འཆར་ཤེལ་ཐོག་ཐིགས་པ་གཅིག་བརྒྱབ་པ་དང་། པང་ལེབ་ཀྱི་ཁ་གཅོད་བརྒྱབ་རྗེས་དལ་བུར་མནན་ནས་འཆར་ཤེལ་གྱི་ཚད་འཇལ་ཡོ་བྱད་ནས་པོའོ་སྨེའི་གར་ཚད་ཏུའུ་43ཟིན་པས་རིམ་པ་དང་པོའི་ཚད་གཞིར(སྦྲང་རྩིའི་པོའོ་སྨེའི་གར་ཚད་ནི་སྦྲང་རྩིའི་གར་ཚད་རེད། ལས་རིགས་ཀྱི་ཚད་གཞི་གཞིར་བཟུང་རིམ་པ་དང་པོའི་སྦྲང་རྩིའི་པོའོ་སྨེའི་གར་ཚད་ནི་ཏུའུ་41.6ཡན་ཟིན་དགོས་པ)སླེབས་པ་མངོན།

    ཁྱོ་ཤུག་གཉིས་པོས་ལས་འགན་ཁག་བགོས་ཀྱིས་ཕན་ཚུན་གཞོགས་འདེགས་ཧུར་ཐག་བྱས་ནས་སྦྲང་རྩི་བསྡུ་འགོ་ཚུགས།

    ལོ་16ལ་སླེབས་པའི་མིག་དམར་དམའ་འབྲིང་ཐོན་པའི་ལོ་དེར། སྐྱེད་པ་ཤང་དུ་སྦྲང་ནོར་བུ་གསོ་བའི་གསོ་སྦྱོང་འཛིན་གྲྭ་ཞིག་གཉེར་བར་མི་20ལྷག་ཙམ་གསོ་སྦྱོང་ནང་ཞུགས་པས་མིག་དམར་ཡང་ཞུགས་འདོད་ཆེན་པོ་བྱུང་། མ་གཞི་སྐབས་དེ་དུས་སྐྱེད་པ་ཤང་ལྟ་བུར་སྦྲང་ནོར་བུ་གསོ་བ་ནི་ཧ་ཅང་མཐོང་དཀོན་པའི་བྱ་བ་ཞིག་ཡིན་རུང་། ཁོང་གི་ནང་མི་ཚོས་སྦྲང་ནོར་བུ་གསོ་བ་ནི་གནས་སྐབས་ཨ་བསར་བྱེད་པ་ཙམ་ཞིག་ལས་དེས་ཁྱིམ་ཚང་སྐྱོང་མི་ཐུབ་པར་ཁ་གཡར་ནས་ཁོང་གསོ་སྦྱོང་ནང་ཞུགས་སུ་མ་བཅུག དེ་ལས་མིག་དམར་བློ་ཕམ་ཆེན་པོ་བྱུང་། འོན་ཀྱང་ཁོང་གི་སྦྲང་ནོར་བུ་གསོ་བའི་ཕུགས་འདུན་སྒྲུབ་སེམས་ཉམས་མེད།

    དེའི་རྗེས་མིག་དམར་གླ་པ་བྱེད་པར་བསྐྱོད་མྱོང་ལ་གྱོན་གོས་ཚོང་ཁང་ཡང་བཙུགས་མྱོང་མོད། འོན་ཀྱང་བྱ་བ་ལམ་ལྷོངས་དེ་ཙམ་མ་བྱུང་།

    ལོ་6འདས་མཚམས་སུ་མིག་དམར་གྱི་སྦྲང་ནོར་བུ་གསོ་རྒྱུའི་ཕུགས་འདུན་ད་གཟོད་གཞི་ནས་སྒྲུབ་རེ་ཆེ་རུ་སོང་ཞིང་། ཁོང་གིས་སྦྲང་ནོར་བུ་གསོ་རྒྱུའི་སེམས་ཐག་བཅད་པར་ད་རེས་ནང་མི་ཚོའི་རྒྱབ་སྐྱོར་ཡང་ཐོབ།

    དེས་ན་གཉེན་སྒྲིག་ཟིན་མ་ཐག་པའི་མིག་དམར་དང་བཟའ་ཟླ་སྒྲོལ་མ་གཉིས་པོ་ནང་སར་སྦྲང་ནོར་བུ་གསོ་སྟངས་སློབ་སྦྱོང་བྱེད་པར་ཆས།

    “ཐོག་མར་སྦྱོངས་དུས་ཆེས་རྨང་གཞིར་གྱུར་པའི་སྦྲང་རྩི་བསྡུ་སྟངས་ཙམ་ཞིག་ལས་སྦྱོང་དགོས་མེད་རུང་ཧ་ཅང་ཁག་པོ་འདུག ངེད་གཉིས་པོས་ཉིན་ལྟར་རྒྱ་མ་150ཡོད་པའི་སྦྲང་སྒམ་20ལྷག་ཙམ་དབོར་དགོས་སྟབས་གཟུགས་པོ་ཡམ་མེ་ཡོམ་མེར་གྱུར་གྱི་འདུག དེ་ལས་ཀྱང་སྡུག་བསྔལ་ཆེ་བ་ནི་ཉིན་ལྟར་སྦྲང་ནོར་བུས་རྨུགས་པ་དེ་རེད། ཚབས་ཆེ་ཤོས་ཤིག་ལ་ཐེངས་ཤིག་མིག་དམར་གྱི་སྐེ་ལ་སྦྲང་ནོར་བུས་རྨུགས་ནས་ཚབས་ཆེན་སྐྲངས་འདུག ཉིན་བཞི་ཙམ་ངལ་གསོ་བརྒྱབ་རྗེས་གཞི་ནས་སྐྲངས་པོ་འཇོམས་སོང”ཞེས་སྒྲོལ་མས་སྦྲང་ཚང་གི་བུ་ག་འདོན་གྱིན་བཤད།

    དེ་ལྟར་ཡིན་རུང་ཁྱོ་ཤུག་གཉིས་པོས་སེམས་ནང་གི་ཕུགས་འདུན་ཆེད་དཀའ་སྤྱད་སྡུག་རུས་ཀྱིས་ལོ་གཅིག་ལྷག་ཙམ་རིང་ལྷོ་ཁ་ནས་ཡུན་ནན་དང་། སི་ཁྲོན། ཅང་སུའུ། ཧྲའན་ཤིས་སོགས་སུ་སློབ་སྦྱོང་བྱེད་པར་བསྐྱོད་མཐར། སྦྲང་ཁྱུ་དོ་དམ་དང་གནོད་འབུ་འགོག་བཅོས་ཀྱི་ལག་རྩལ་བྱང་ཆུབ་པར་ཤེས།

    ཕ་ཡུལ་དུ་ཕྱིར་ལོག་རྗེས་ཁོང་གཉིས་པོས་རང་ཚུགས་སུ་སྦྲང་ནོར་བུ་གསོ་འགོ་ཚུགས། འོན་ཏེ་ལོ་དང་པོར་ཉམས་མྱོང་དེ་ཙམ་མེད་པ་དང་ཆར་ཆུ་མང་བ་ལ་སོགས་ཀྱིས་རྐྱེན་པས་ཁེ་འབབ་ཡོང་རྒྱུ་ལྟ་ཞོག་ད་དུང་སྒོར་ཁྲི་གཉིས་ལྷག་ཙམ་གྱོང་གུན་ཕོག

    “གོམ་པ་རེ་ལ་རྐང་རྗེས་རེ་ཞེས་པའི་དཔེ་ལྟར་བྱ་བ་གང་ཞིག་ཡིན་རུང་གོམ་པ་སྤོ་ཐེངས་གཅིག་ལ་ལེགས་གྲུབ་ཡོང་མི་སྲིད”ཅེས་སྒྲོལ་མས་བཤད།

    དེ་ལྟར་ཁོང་གཉིས་ཀྱིས་སྦྲང་ནོར་བུ་གསོ་ཞོར་ལས་རིགས་གཅིག་པ་རྣམས་དང་སྤེལ་རེས་དང་དེ་སྔོན་གྱི་དགེ་རྒན་འགྲམ་ནས་མུ་མཐུད་སློབ་སྦྱོང་བྱས་པ་དང་། ལོ་དང་ཟླ་བ་བསྟུད་མར་རྒྱུན་འཁྱོངས་བྱས་པ་ལས་ལག་རྩལ་སྔར་བས་བྱང་ཆུབ་པ་བྱུང་བས་ཁེ་འབབ་ཀྱང་ལེགས་པོ་བྱུང་ཞིང་། 2018ལོར་སྒྲོལ་མ་ཁྱོ་ཤུག་གཉིས་པོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་15བྱུང་།

    2017ལོར་ཁོང་ཚོས་རང་ཉིད་ཀྱིས་བཏོད་པའི་སྤུས་རྟགས་ཏེ། “གཞོན་ནུ་ཁང་གསར”ཞེས་པའི་སྦྲང་རྩི་ཁྲོམ་རར་བཏོན། ད་ཆ་ཁོང་ཚོས་སྦྲང་རྩིའི་སྤུས་ཚད་དཔང་ལེན་གྱི་ལས་འགོ་རྩོམ་བཞིན་ཡོད། ས་མཐོའི་དྭངས་གཙང་ལྷད་མེད་ཀྱི་སྦྲང་རྩི་མི་སེར་དེ་བས་མང་བར་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱ་རྒྱུ་ནི་ཁོ་ཚོའི་འབད་བརྩོན་བྱེད་ཕྱོགས་གསར་པ་ཞིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།