[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ས་ཕག་བཟོ་གྲྭ་ཆུང་ཆུང་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད་པ།

    —— ཆུ་གསུམ་གྲོང་ཚོའི་ཚེ་བརྟན་ནོར་བུས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ལམ་དུ་སྐྱོད་པའི་སྐོར་གྱི་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    “ན་ནིང་ང་ཚོའི་ས་ཕག་བཟོ་གྲྭའི་ཕྱིར་འཚོང་གི་ཡོང་འབབ་སྒོར་ཁྲི་98ཟིན་པ་དང་། རྒྱུ་ཆའི་མ་གནས་དང་བཟོ་པའི་གླ་ཆ་ཕུད། ཡོང་འབབ་ཁེ་གཙང་སྒོར་ཁྲི་18བྱུང་། འདི་ལོ་ན་ནིང་ལས་ལྡབ་གཅིག་འཕར་རྒྱུའི་རེ་བ་ཡོད”ཅེས་ས་ཕག་བཟོ་གྲྭའི་ལས་གཉེར་སྐོར་གླེང་སྐབས་ཚེ་བརྟན་ནོར་བུའི་ངོ་གདོང་ལས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད།

    ཉེ་བའི་ལོ་ཤས་རིང་། ཆུ་གསུམ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་བསྟུན་ནས་ཨར་སྐྲུན་རྒྱུ་ཆའི་དགོས་མཁོའང་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཆུ་གསུམ་གྲོང་རྡལ་ཆུ་གསུམ་གྲོང་ཚོའི་གྲོང་མི་ཚེ་བརྟན་ནོར་བུས་ཚོང་ལས་ཀྱི་གོ་སྐབས་དམ་འཛིན་གྱིས་མང་ཚོགས་ཚོའི་སྣེ་ཁྲིད་ནས་ས་ཕག་བཟོ་གྲྭ་བཙུགས་པས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད།

    “དེ་སྔ་ང་ཚོའི་ཁང་པ་ཚང་མ་རྡོ་རྩིག་རེད། ད་ཆ་ས་ཕག་དང་ཨར་འདམ་ལྕགས་རྩིབས་མའི་ཁང་པ་རྒྱག་སྟངས་སྤྱོད་ཀྱི་ཡོད་པས་ས་ཕག་གི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད”ཅེས་ཚེ་བརྟན་ནོར་བུས་བཤད། ཁོང་གིས“2017ལོའི་གོང་ཆུ་གསུམ་རྫོང་དུ་ས་ཕག་བཟོ་གྲྭ་གཅིག་ཀྱང་མེད་པས་ཚང་མ་ཟངས་རི་རྫོང་ནས་དབོར་དགོས་ཀྱི་ཡོད། སྐབས་དེ་དུས་ངའི་བསམ་པར་ང་ཚོ་རང་ཉིད་ཀྱིས་ས་ཕག་བཟོ་གྲྭ་ཞིག་བཙུགས་ནས་ཆུ་གསུམ་རྫོང་རང་དུ་ཕྱིར་འཚོང་བྱས་ན་ཚོང་ཡག་པོ་ཡོང་གི་རེད་སྙམ་བྱུང”ཞེས་བཤད།

    ཁ་བཤད་བྱ་བ་འཕྲལ་དུ་རྩོམ། ས་ཕག་རྒྱག་སྟངས་དང་བཟོ་གྲྭ་གཉེར་སྐྱོང་བྱེད་སྟངས་གསལ་རྟོགས་ཐུབ་ཆེད། ཚེ་བརྟན་ནོར་བུས་ཆེད་མངགས་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་ས་ཕག་བཟོ་གྲྭར་སློབ་སྦྱོང་བྱེད་པར་ཕྱིན།

    ས་ཕག་བཟོ་གྲྭ་གཉེར་སྐྱོང་བྱེད་སྟངས་ཤེས་རྗེས་ཚེ་བརྟན་ནོར་བུར་གདེང་ཚོད་དང་ཡིད་ཆེས་ཆེན་པོ་བྱུང་། གྲོང་ཚོའི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་ཡིན་པའི་ཁོང་གིས་དུད་སྦྲེལ་གྱི་དུད་ཚང་10ཡི་སྣེ་ཁྲིད་དེ་མཉམ་དུ་བཟོ་གྲྭ་གཉེར་བསམ་ཡང་དུད་ཚང་4ཡི་མང་ཚོགས་ཀྱིས་མོས་མཐུན་བྱས་མེད།

    “ཁོང་ཚོ་ཕྱུག་པོ་དེ་ཙམ་མེད་པས། གྱོང་གུན་ཕོག་གི་རེད་སྙམ་ནས་ཚོད་ལྟ་བྱེད་མི་ཕོད་པར་ངས་བསམ་ཤེས་ཐུབ་ཀྱི་འདུག”ཅེས་ཚེ་བརྟན་ནོར་བུས་བཤད།

    ཚང་མའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་བྱ་ཆེད། ཚེ་བརྟན་ནོར་བུས་ཁྱིམ་ཚང་རེ་རེ་བཞིན་ལ་བསམ་བློའི་སློབ་གསོ་རྒྱག་པར་ཕྱིན་པས། མཐར་དུད་ཚང་4ཡི་མང་ཚོགས་ཀྱི་མོས་མཐུན་ཐོབ།

    2017ལོའི་ལོ་མཇུག་ཏུ་མ་དངུལ་སྒོར་ཁྲི་70ཙམ་བཏང་བའི་བཀྲ་ཤིས་སྟེང་དཀར་ས་ཕག་བཟོ་གྲྭ་དངོས་སུ་བཙུགས།

    བྱ་བ་ཐམས་ཅད་ཐོག་མར་གྲུབ་པར་དཀའ། “ས་ཕག་བཟོ་གྲྭའི་ཚོང་ཡག་པོ་ཡོང་ཆེད། དང་ཐོག་ཚེ་བརྟན་ནོར་བུས་ཉིན་ལྟར་ངལ་གསོ་ཆུ་ཚོད་5ལས་རྒྱག་གི་མེད་པ་དང་། མཚན་མོའང་བཟོ་གྲྭའི་ནང་ཉལ་གྱི་ཡོད་པ་མ་ཟད། ད་དུང་གང་སར་རྒྱུག་ནས་རྒྱུ་ཆ་དང་ཉོ་མཁན་འཚོལ་བར་འགྲོ་ཡི་ཡོད”ཅེས་ཚེ་བརྟན་ནོར་བུའི་སྐོར་གླེང་སྐབས་ས་ཕག་བཟོ་གྲྭའི་རྐང་བདག་བསོད་ནམས་ཚེ་རིང་གིས་མཐེ་བོང་སྒྲེང་བཞིན་དུ་ཁོང་ནི་ངོ་མ་བྱ་གཞག་གྲུབ་མཁན་ཞིག་རེད་ཅེས་བསྔགས་བརྗོད་བྱེད་བཞིན་བཤད།

    ཕྱིར་འཚོང་ཐབས་ལམ་རྙེད་ནས་ས་ཕག་བཟོ་གྲྭའི་ཚོང་རིམ་བཞིན་ཡག་ཏུ་ཕྱིན་པས་ཆ་སྙོམས་བྱས་ན་ཉིན་རེར་ཉུང་མཐར་ཡང་ས་ཕག་1500ཙམ་འཚོང་ཐུབ་ཀྱི་ཡོད། དང་ཐོག་བཟོ་གྲྭ་གཉེར་རྒྱུར་མོས་མཐུན་མེད་པའི་གྲོང་མིའང་ད་ཆ་བཟོ་གྲྭའི་ནང་སེམས་ལྷོད་ལ་བབས་ནས་ལས་ཀ་བྱེད་བཞིན་ཡོད།

    འདི་ལོ་ལོ་53ལ་སླེབས་པའི་པད་མ་གཅིག་པུས་ཕྲུ་གུ་གསོ་སྐྱོང་བྱེད་ཀྱི་ཡོད། ཁྱིམ་ཚང་འཚོ་བར་དཀའ་ངལ་ཡོད་པས་དེ་སྔ་བཟོ་གྲྭ་འཛུགས་རྒྱུར་ངོ་རྒོལ་ཆེན་པོ་བྱས། ཚེ་བརྟན་ནོར་བུས་ཁོང་གི་སར་བསམ་བློའི་སློབ་གསོ་ཐེངས་མང་རྒྱག་པར་ཕྱིན་པ་མ་ཟད། ད་དུང་དབུལ་སྐྱོར་དངུལ་བུན་སྒོར་ཁྲི་4གཡར་རོགས་བྱས་ཏེ་མ་རྐང་ནང་ཞུཌ་སུ་བཅུག

    “ད་ཆ་ང་ས་ཕག་བཟོ་གྲྭར་ལས་ཀ་བྱེད་ཀྱི་ཡོད་པ་དང་། ས་ཕག་གཅིག་བརྒྱབ་ན་ཕིང་6ལེན་རྒྱུ་ཡོད་པ་དང་དེའི་ཐོག་གཞི་རྩའི་གླ་ཆ་བསྡོམས་ན་ཟླ་གཅིག་ལ་སྒོར་5000ཙམ་ལེན་རྒྱུ་ཡོད། རྐང་བདག་ཡིན་པའི་ངོས་ནས་ལོ་མཇུག་ལ་ད་དུང་ཁེ་ཕོཌ་སྒོར་ཁྲི་1ལྷག་ཙམ་ལེན་རྒྱུ་ཡོད། ད་ཆ་ང་ཚོའི་ཁྱིམ་གྱི་དབུལ་ཞྭ་ཕུད་ཟིན། ཚེ་བརྟན་ནོར་བུར་ཐུཌ་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་པད་མས་ཇི་མ་ཇི་བཞིན་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།