[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བོད་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་མི་སེར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-30

    ས་བབ་མཐོ་ཚད་སྨི་4360ཡོད་པའི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཕག་རི་རྩྭ་ཐང་ནི་བོད་ཀྱི་ས་རྒྱུ་གཤིན་ཤོས་ཀྱི་རྩྭ་ཐང་གྲས་ཤིག་ཡིན་པ་དང་ས་གནས་དེ་གའི་ཞིང་འབྲོག་པས་རྩྭ་ཐང་ཐོག་ཐོན་ཁུངས་དར་སྤེལ་བཏང་སྟེ་འབྲི་གཡག་དང་བོད་བྱ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་དབུལ་སྒྲོལ་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་པ་རེད།

    ལོ་49ལ་སླེབས་པའི་ཟླ་བས་སྔོན་ཆད་ཕྱུགས་གསོ་བ་དང་གླ་པ་ཙག་ཙིག་རྒྱུག་ནས་འཚོ་བ་བསྐྱལ་ཏེ་ལོར་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ཡོད་པ་རེད། ལོ་འགོར་ཁོང་གིས་ཁྱིམ་གྱི་འབྲི་གཡག་དྲུག་པོ་དེ་དག་ཕག་རི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་མ་རྐང་ནང་བཅུག་ནས་ཆེ་ཆུང་ལ་མི་བལྟོས་པར་འབྲི་གཡག་རེར་སྒོར་5000ལ་བརྩིས་ནས་ལོ་རེར་འབྲི་གཡག་རེ་ནས་ཁེ་སྤོགས་སྒོར་650བགོ་བ་དང་2019ལོའི་རྗེས་སུ་ལོ་གསུམ་རེར་འབྲི་གཡག་རེར་སྒོར་200སྤར་ཏེ་ལོ་20ཡི་གན་རྒྱའི་དུས་ཚད་མ་ཐིམ་བར་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་མ་རྐང་ནང་ཞུགས་པའི་འབྲི་གཡག་ཁ་གྲངས་ཚང་བའི་སྒོ་ནས་ཚུར་ལེན་རྒྱུ་ཡོད་པ་རེད།

    “འདི་ལོའི་ཟླ་5པར་ང་ཀུང་སིར་གླ་པ་རྒྱུག་པར་ཡོང་ནས་འབྲི་གཡག་60ཙམ་ལ་གཟན་ཆག་སྦྱིན་རྒྱུའི་འགན་འཁུར་བ་དང་ཀུང་སིས་རིན་མེད་ངང་ལྟོ་ཆས་དང་ཉལ་ཁང་མཁོ་འདོན་བྱས་པ་མ་ཟད། ད་དུང་ཟླ་རེར་གླ་ཆ་སྒོར་3000ལེན་རྒྱུ་འདུག་པས་སྔོན་དཔག་བྱས་ན་ལོའི་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་བཟོ་འདུག”ཅེས་ཟླ་བས་བཤད་པ་དང་འབྲི་གཡག་ཕུད། ད་དུང་ཀུང་སིས་རྩྭ་ར་མ་རྐང་ནང་ཞུགས་རྒྱུ་དང་ལེན་བྱས་ཏེ་ཕྱུགས་འཚོ་བ་དང་གཟན་རྩྭ་འདེབས་པ་སོགས་སུ་སྤྱོད་ཀྱི་ཡོད། ཟླ་བའི་རྩྭ་ར་མ་རྐང་ནང་ཞུགས་རྗེས་དེ་སྔའི་མུའུ་རེར་སྲིད་གཞུང་གི་ཁ་གསབ་སྒོར་1.5ཡོད་པའི་རྨང་གཞིའི་ཐོག་ད་དུང་མུའུ་རེར་ཀུང་སིའི་ཁ་གསབ་སྒོར་0.5ལེན་རྒྱུ་ཡོད་པ་རེད།

    ཟླ་བ་དང་འདྲ་བར་ཞིང་འབྲོག་པ་150ལྷག་ཙམ་གྱིས་ཕག་རིའི་འབྲི་གཡག་ཐོན་ལས་ཀུང་སིའི་འབྲོག་ར་ཁག་ཏུ་གླ་པ་རྒྱུག་ནས་ཡོང་འབབ་གསོག་གི་ཡོད། 

    ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་པ་སངས་དབང་འདུས་ཀྱིས“ཀུང་སིས་ཞིང་འབྲོག་པའི་ཕྱུགས་ཟོག་ལ་རིན་གོང་བརྒྱབ་ནས་མ་རྐང་ལ་འཇུག་པའི་བྱེད་སྟངས་སྤྱད་དེ་མཐའ་མཚམས་རྫོང་གི་ཞིང་འབྲོག་དུད་ཚང་648ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་167ཡོད་པར་ལོའི་ཡོང་འབབ་སྒོར་ཁྲི་500ལྷག་ཙམ་ཟིན་གྱི་ཡོད”ཅེས་བཤད།

    ཆུ་འབི་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞིར་ཡུལ་མི་མི་ཉུང་བ་ཞིག་གིས་བྲེལ་བརྩོན་ཆེན་པོ་བྱེད་ཅིང་། “ཉ་ཕྲུག་གཅིག་ལ་ཁྲོམ་རའི་རིན་གོང་སྒོར་20ཟིན་པ་དང་ཚོང་སྒྱུར་ཉ་རྒྱ་མ་རེར་ཁྲོམ་རའི་རིན་གོང་སྒོར་200ཙམ་ཟིན་ནས་དེ་གར་གླ་པ་རྒྱུག་མཁན་ཡུལ་མིའི་ཟླ་རེའི་ཡོང་འབབ་སྒོར་3000ལས་མི་ཉུང་བ་ཡོད”ཅེས་རྟེན་གཞིའི་འགན་འཁུར་བ་ལྷག་པ་ནོར་བུས་ངོ་སྤྲོད་བྱས་པ་དང་། 2015ལོར་གྲོ་མོ་རྫོང་གིས་ནོར་སྲིད་ཀྱི་མཐའ་མཚམས་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྤྱད་དེ་ཆུ་འབི་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞི་དང་གསོ་ཚགས་རྟེན་གཞི་3བཙུགས་ཏེ་ཞིང་ལས་མཉམ་ལས་ཁང་གི་རྣམ་པར་བརྟེན་ནས་འཁོར་རྒྱུག་བྱས་ཏེ་ཡུལ་མི་དུད་ཚང་500ཙམ་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་རེད།

    གྲོ་མོ་སྨད་ཀྱི་བུ་དྲུག་གིས“ང་རང་ཟླ་བཞི་ཡི་གོང་རྟེན་གཞིར་ལས་ཀ་བྱེད་པར་ཡོང་བ་དང་ད་ཆ་ཟླ་རེར་ཡོང་འབབ་སྒོར་4500ལེན་རྒྱུ་འདུག”ཅེས་བཤད་པ་དང་གསོ་སྤེལ་བྱས་པའི་ཉ་ཕྲུག་ཁག་དང་པོ་དེ་དག་ཁྲོམ་རར་འདོན་གྲབས་ཡོད་པས་ཉེ་ཆར་བྲེལ་བ་ཧ་ཅང་ཆེན་པོ་འདུག

    སྐྱིད་གྲོང་འགག་སྒོའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཅན་གྱིས་ན་ནིང་ཟླ་8ཚེས་30ཉིན་སྐྱིད་གྲོང་འགག་སྒོས་ཕུང་གསུམ་རྒྱལ་ཁབ་ཀྱི་མི་སྣར་དངོས་སུ་སྒོ་མོ་དབྱེ་རྒྱ་ཆེ་རུ་བཏང་ནས་ས་ཆ་དེ་གའི་མཐའ་མཚམས་ཚོང་དོན་གྱི་ཟོག་འགྲེམས་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་རེད། འདི་ལོའི་ལོ་སྟོད་དུ་སྐྱིད་གྲོང་འགག་སྒོའི་ནང་འདྲེན་དང་ཕྱིར་གཏོང་དངོས་ཟོག་སྤྱི་འབོར་ཏུན་75332ཟིན་པ་དེ་དུས་མཚུངས་ལས་32.8%འཕར་བ་དང་། མཐའ་མཚམས་མང་ཚོགས་ཀྱི་ཚོང་འབྲེལ་ཉོ་ཚོང་སྤྱི་འབོར་ཏུན་906.17ཟིན་ནས་དུས་མཚུངས་ལས་ལྡབ་2.41འཕར་བ་རེད།

    སྐྱིད་གྲོང་གྲོང་རྡལ་མར་དཀར་གྲོང་ཚོའི་ཡུལ་མི་ལྷག་པའི་ཁྱིམ་གྱིས་སྔོན་ཆད་ཞིང་ལས་བྱས་ནས་འཚོ་བ་སྐྱེལ་བ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། ད་ཕན་ལོ་ཤས་རིང་ས་ཆ་དེ་གའི་སྲིད་གཞུང་གི་རོགས་རམ་འོག་ལྷག་པའི་བུས་རླངས་འཁོར་དང་ཤུར་འདྲུ་འཕྲུལ་འཁོར་གཏོང་ཤེས་པ་དང་ད་ཆ་སྐྱེལ་འདྲེན་བྱེད་པ་དང་ལས་ཡུལ་དུ་གླ་པ་རྒྱུག་པར་ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་5ལྷག་ཙམ་ཟིན་ནས་དུད་ཚང་དབུལ་པོའི་ཞྭ་མོ་ཕུད་པ་རེད།

    སྐྱིད་གྲོང་ཉིན་བཞིན་དར་རྒྱས་ཕྱིན་པ་དེས་ཀྱང་ནེ་པ་ལ་བ་མང་པོ་ཞིག་དེ་གར་གླ་པ་རྒྱུག་པ་དང་ཚོང་གཉེར་བྱེད་པར་སླེབས་ཤིང་། སྐྱིད་གྲོང་གྲོང་རྡལ་དུ་ལོ་15འཚོ་བ་བསྐྱལ་བའི་ནེ་པ་ལའི་ཚོང་པ་ཚེ་བརྟན་གྱིས་ནེ་པ་ལའི་ཁྱད་ལྡན་ཐོན་རྫས་ཚོང་ཁང་ཞིག་བཙུགས་ནས་ཟླ་རེའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་20ཙམ་ཟིན་གྱི་ཡོད་པ་དང་། ཁོང་གིས“རང་ཉིད་ལྟར་དེ་གར་ཚོང་རྒྱག་མཁན་ནེ་པ་ལ་བ་50ལྷག་ཙམ་ཡོད་པ་ཚང་མས་འཚོ་བར་བློ་ཡིད་ཧ་ཅང་ཚིམ་པོ་བྱེད་ཀྱི་འདུག”ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།