[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • སྟོད་ལུང་བདེ་ཆེན་ཆུས་དམར་ཤང་དམར་གྲོང་ཚོའི་སྤྱོད་རུང་བའི་གད་སྙིགས་དངུལ་ཟོག་ལ་བརྗེ་བའི་སྒོ་རྩིས་ཚོང་ཁང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-28

    འགྱིག་དམ་50ལ་སྒོར་1དང་། ལྕགས་ཀྲིན་20ལ་སྒོར་1 ཤོག་བུ་སྤྱི་རྒྱ་1.25ལ་སྒོར་1ལ་བརྗེ་ཆོག་པ་སོགས། ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་དམར་གྲོང་ཚོའི་སྤྱོད་རུང་བའི་གད་སྙིགས་དངུལ་ཟོག་ལ་བརྗེ་བའི་སྒོ་རྩིས་ཚོང་ཁང་དངོས་སུ་སྒོ་ཕྱེ་བ་རེད།

    སྒོ་རྩིས་ཚོང་ཁང་གི་དོ་དམ་པ་བློ་བཟང་བསྟན་པས་ལྕགས་སྒོ་ཕྱེ་བ་དང་སྦྲགས་དམར་ཤང་གི་གད་སྙིགས་རིགས་དབྱེ་དངུལ་སྤྲོད་ལྟེ་གནས་དམར་ཤང་དུ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། གྲོང་མི་ཚོས་ཤོག་པང་དང་འགྱིག་དམ་སོགས་གད་སྙིགས་མང་པོ་འཁྱེར་ནས་སྒོ་མདུན་དུ་བང་རིང་པོ་ཞིག་བསྒྲིགས་འདུག

    གྲོང་མི་ངག་དབང་གྲགས་པས་ཉོས་ནས་དུས་ཡུན་རིང་པོ་མ་སོང་བའི་གློག་སྒུལ་སྦག་སྦག་བཏང་ནས་སྒོ་རྩིས་ཚོང་ཁང་དུ་ཨང་དང་པོར་འབྱོར་བ་དང་། གློག་སྒུལ་སྦག་སྦག་ཐོག་ཏུ་གཏེར་ཆུའི་འགྱིག་དམ་དང་། འོ་མ་བླུགས་སྣོད་ཤོག་སྒམ། ཤོག་སྙིགས་སོགས་ཚུར་བསྡུ་རུང་བའི་གད་སྙིགས་བྱུར་བུར་བླུགས་ཡོད་པ་དང་། དེ་དག་ནི་ནམ་རྒྱུན་ཁོང་གིས་འཚོ་བའི་ཁྲོད་བསྡུ་རུབ་བྱས་པ་ཞིག་རེད། “ཁྱེད་ཀྱི་ཤོག་སྙིགས་ལ་ལྗིད་ཚད་སྤྱི་རྒྱ་4.8འདུག གཏེར་ཆུའི་འགྱིག་དམ་དང་ལྕགས་ཀྲིན་ངས་ལམ་སེང་རྩིས་བརྒྱབ་ཆོག”ཅེས་བློ་བཟང་བསྟན་པས་རྒྱ་མར་འདེགས་ཞོར་ངག་དབང་གྲགས་པར་བཤད།

    སྟོད་ལུང་བདེ་ཆེན་ཆུས་ཀྱིས་གད་སྙིགས་དངུལ་ཟོག་ལ་བརྗེ་བའི་སྒོ་རྩིས་ཚོང་ཁང་ཐོག་མར་བཙུཌ་ཤིང་། དངོས་པོ་དང་དངོས་པོ་བརྗེས་ནས་གྲོང་མི་རྣམས་ལ་དངོས་ཕན་དེ་བས་མང་བ་ཐོབ་པ་དང་། གད་སྙིགས་ཉུང་དུ་དང་། གནོད་འཚེ་མེད་པ། ཐོན་ཁུངས་ལ་འགྱུར་བ་བཅས་ཀྱི་དམིཌ་ཡུལ་འགྲུབ་རོགས་བྱས་པ་རེད། གྲོང་མི་ཚོས་བེད་མེད་ཀྱི་གཏེར་ཆུའི་འགྱིག་དམ་དང་། ལྕགས་ཀྲིན། ཚཌ་པར་རྙིང་པ། འགྱིག་ཤོག་གི་བཟོས་རྫས། ཨ་རག་གི་ཤེལ་དམ་སོགས་འཚོ་བའི་གད་སྙིགས་དང་། བསྡུ་རུབ་བྱེད་བདེ་བའི་གད་སྙིགས་འཁྱེར་ནས་དམིགས་བསལ་གྱི་སྒོ་རྩིས་ཚོང་ཁང་དེར་ཕྱིན་ཏེ་ཅང་ཡིའུ་དང་། ཚུའུ། དག་གཤེར། སོ་འཁྲུད། དག་རྫས་སོགས་ཀྱིས་གཙོས་པའི་འཚོ་བའི་མཁོ་ཆས་བརྗེ་ཆོག་པས། དམངས་ལ་ཕན་ཐོགས་པ་དང་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་སྟེ་མང་ཚོགས་དེར་ཞུགས་པའི་སྤྲོ་སེམས་ཆེས་ཆེར་འཕེལ་ཡོད།

    སྟོད་ལུང་བདེ་ཆེན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཏེང་ཡའོ་ཡིས“གད་སྙིགས་དངུལ་ཟོག་ལ་བརྗེ་བའི་སྒོ་རྩིས་ཚོང་ཁང་གིས་བསྡུ་རུབ་བྱས་པའི་གད་སྙིགས་དག་ང་ཚོས་ཚུར་བསྡུ་བརྗེ་སྤྲོད་ལྟེ་གནས་སུ་བསྡུས་རྗེས་གཅིག་གྱུར་ཐོག་ལྷ་ས་གྲོང་ཁྱེར་བར་བརྒྱུད་ས་ཚིགས་སུ་ཐུམ་རྒྱག་པ་དང་། དེ་རྗེས་ནང་སར་ཐོན་ཁུངས་བསྐྱར་དུ་བེད་སྤྱོད་བྱེད་པར་སྐྱེལ་གྱི་ཡོད”ཅེས་ངོ་སྤྲོད་བྱས།

    གད་སྙིགས་དངུལ་ཟོག་ལ་བརྗེ་བའི་སྒོ་རྩིས་ཚོང་ཁང་གིས་རིན་པ་སྤྲད་ནས་གད་སྙིགས་བསྡུ་བའི་བྱེད་སྟངས་གསར་པ་ལས་སྣོད་བཅུད་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་གསུམ་ཀ་ཐོན་ཞིང་། སྣོད་བཅུད་ཀྱི་ཕན་འབྲས་ཐད་ནས་བརྗོད་ན་དེ་སྔ་གྲོང་མིས་གད་སྙིགས་གང་བྱུང་དུ་དབྱུགས་པའི་གོམས་གཤིས་ངན་པར་རིམ་བཞིན་འགྱུར་ལྡོག་བྱུང་སྟེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་ཐད་ནས་བརྗོད་ན། ཐུམ་རྒྱག་ཆས་དང་། གློག་རྫས་རྙིང་པ། འགྱིག་དམ་སོགས་གད་སྙིཌ་འབོར་ཆེན་བསྡུ་རུབ་བྱས་པས། ལྕི་བའི་ལྕགས་རིགས་དང་འགྱིག་སྙིགས་ཀྱི་བཙོག་སྐྱོན་ཉུང་དུ་ནུས་ལྡན་ཕྱིན་ཡོད་ལ། གྲོང་མིར་ཡོང་འབབ་ཐོལ་པའང་བྱུང་སྟེ་མང་ཚོགས་ཀྱིས་རང་འགུལ་ངང་གད་སྙིགས་གཙང་སེལ་བྱེད་པའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་རེད། དཔལ་འབྱོར་གྱི་ཕན་འབྲས་ཐད་ནས་བརྗོད་ན། ཚུར་བསྡུ་བེད་སྤྱོད་རུང་བའི་གད་སྙིགས་བྲིན་ཚོང་གི་ཁེ་བཟང་གིས་གད་སྙིགས་དངུལ་ཟོག་ལ་བརྗེ་བའི་སྒོ་རྩིས་ཚོང་ཁང་གིས་དངོས་ཟོག་ཉོ་སྒྲུབ་བྱེད་ཐུབ་པ་དེ་རེད།

    དམར་གྲོང་ཚོར་སྐྱོད་སྐབས། གཙང་ཞིང་གྲལ་བསྟར་འགྲིག་པ་དང་གད་སྙིགས་མཐོང་རྒྱུ་མེད་པར་དྭངས་གཙང་གི་ཞིང་ཁུལ་གྱི་ཉམས་འགྱུར་ཞིག་ངང་གིས་མངོན་ཡོང་གི་འདུག གད་སྙིགས་དངུལ་ཟོག་ལ་བརྗེ་བའི་སྒོ་རྩིས་ཚོང་ཁང་ལས་མང་ཚོགས་ཀྱིས་དྭངས་ཤིང་གཙང་ལ་གྲལ་བསྟར་འགྲིག་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་མཐོང་ཐུབ་ལ། གྲོང་མིའི་འཚོ་བའི་གོམས་གཤིས་ལའང་འགྱུར་ལྡོག་འགྲོ་བཞིན་ཡོད། དམར་གྲོང་ཚོའི་གྲོང་མི་ཆོས་སྒྲོན་གྱིས་ཁྱིམ་དུ་སྙིགས་སྣོད་ཁུག་མ་འགའ་ཤས་གྲ་སྒྲིག་བྱས་ཡོད་པ་དང་། ཁོ་མོས“སྲིད་གཞུང་གི་སྲིད་ཇུས་དེས་དམངས་ལ་ཕན་པ་འདོགས་ཐུབ་ལ། འཚོ་བའི་ཁོར་ཡུག་ཀྱང་མཛེས་སུ་འགྲོ་ཐུབ་པ་དང་ད་དུང་ཡོང་འབབ་མང་དུ་གཏོང་ཐུབ་པས། སླད་ཕྱིན་གད་སྙིགས་རིགས་དབྱེ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།