[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • དཀའ་སྤྱད་ལས་ལ་གཞོལ་བས་ལྷམ་ཕྱིས་མཁན་ནས་ཕྱུག་འགྱུར“སྣེ་ཁྲིད་པའི”བར།

    ​ ཕུན་ཚོགས་དངོས་གྲུབ་ཀྱི་ལས་དབང་འགྱུར་མཚམས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-09

    གྲ་ནང་རྫོང་གྲ་ཕྱི་ཤང་རྣམ་སྲས་གླིང་གྲོང་ཚོའི་ཕུན་ཚོགས་དངོས་གྲུབ་ནི་དབུལ་སྐྱོར་དཀའ་སེལ་བྱེད་མཁན་གྲགས་ཅན་ཞིག་ཡིན། ཁོང་གི་སྐོར་གླེང་མ་ཐག་ཡུལ་དེ་གའི་མང་ཚོགས་ཀྱིས་མཐེ་བོང་སྒྲེང་གི་འདུག

    ལྷམ་ཕྱིས་ནས་འཚོ་བ་སྐྱེལ་བ་ནས་རྒྱུ་ནོར་སྒོར་བྱེ་བ་ཡོད་པའི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཏེ་རང་ཡུལ་ལ་ཕན་བདེ་སྐྲུན་མཁན་ཕུན་ཚོགས་དངོས་གྲུབ་ཕལ་པ་མིན་པའི་བགྲོད་ལམ་དུ་བསྐྱོད་པ་རེད།

    སྔོན་ཆད་ཕུན་ཚོགས་དངོས་གྲུབ་སྤྱོད་ཡོན་གཉིས་ལྡན་ཡིན་ནའང་ཁྱིམ་གྱི་འཁོས་ཀ་ཞན་པར་བརྟེན། 1999ལོར་དམའ་རིམ་སློབ་འབྲིང་ཐོན་རྗེས་འུ་ཐུག་ནས་སློབ་མཚམས་བཞག་སྟེ་གླ་པ་རྒྱུག་པ་དང་ཁྱིམ་ཚང་སྐྱོང་བའི་ཁུར་པོ་ཕྲག་ཏུ་བླངས།

    གཅིག་ནས་སློབ་རྒྱུས་མེད་པ་དང་གཉིས་ནས་རྩལ་ནུས་མེད་པས་ལོ་ན་གཞོན་པའི་ཕུན་ཚོགས་དངོས་གྲུབ་ཀྱིས་རང་གིས་བཟོས་པའི་ཤིང་སྒམ་དང་། འཇུར་རྩི་གཉིས། ཕག་ཟེ་ཁ་ཤས་ཁྱེར་ནས་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་གྱི་ཁྲོམ་གཞུང་ཆེ་ཆུང་གང་སར་ཉུལ་བ་དང་། དཀའ་བའི་རྔུལ་ཆུར་བརྟེན་ནས་ལྟོ་གོས་འཕྱིད་ཙམ་གྱི་ཡོང་འབབ་ཕྲན་བུ་བསགས་པ་རེད།

    ཆར་རླུང་དང་ཚ་གདུག་གི་དཀའ་སྡུག་གང་གིས་ཀྱང་ཁོང་གི་ལས་ལ་བརྩོན་པའི་སེམས་ཤུགས་འགོག་ཐུབ་མེད། “ཀོ་ལྷམ་ཕྱིས་པའི་མྱོང་བ་དེས་རང་ཉིད་ལ་གཞུང་དྲང་དང་། སྡུག་རུས། བློས་གཏོང་ཞེས་པ་གང་འདྲ་ཞིག་ཡིན་པ་རྟོགས་སུ་བཅུག་པ་དང་། མིང་སྲིང་གི་སློབ་ཡོན་ཡང་རག་བྱུང་ལ་ད་དུང་ལས་ལ་བརྩོན་པའི་གྲོགས་པོ་སྐོར་ཞིག་ཡང་ངོ་ཤེས་བྱུང”ཞེས་ཕུན་ཚོགས་དངོས་གྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད།

    ལོ་གཅིག་གི་རྗེས། ཕུན་ཚོགས་དངོས་གྲུབ་ཀྱིས་གསོག་དངུལ་ཉུང་ཙམ་ལ་བརྟེན་ནས་ཐོ་ཕྲུག་ཅིག་ཉོས་པ་དང་། ཁོང་གིས“རྒྱ་རིགས་ཨ་ཇོ”ཞེས་འབོད་པའི་གྲོགས་པོའི་སོ་ཕག་བཟོ་གྲྭར་གླ་པ་རྒྱུག ཁོང་གཞུང་རྒྱུད་དྲང་ལ་འཇོན་ནུས་ལྡན་པས་ལམ་སེང་དེ་གའི་སྦྱིན་བདག་གི་བློ་ལ་བབས་པས་གླ་པ་རྒྱུག་མཁན་ཞིག་ནས་སྦྱིན་བདག་གི་རོགས་ཟླར་གྱུར།

    ཕུན་ཚོགས་དངོས་གྲུབ་ཀྱི་མི་ཚེར་དེ་ནས་བཟུང་འགྱུར་ལྡོག་བྱུང་བ་དང་ཁོང་གི་ལས་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་ཐག་ཇེ་ཉེར་ཕྱིན་པ་རེད།

    ཕུན་ཚོགས་དངོས་གྲུབ་ཀྱིས“ངའི་ལས་དབང་ལ་འགྱུར་ལྡོག་བྱུང་ནའང་། ཕ་ཡུལ་དུ་ཡུལ་མི་མང་པོ་ནི་སྔོན་ཆད་ཀྱི་ང་དང་འདྲ་བར་དབུལ་ཕོངས་ཡིན་པས་ངས་སེམས་གཏིང་ནས་རོགས་རམ་བྱེད་འདོད”ཅེས་བཤད་ཅིང་། བསམ་ཚུལ་བབ་ཆགས་དེ་ནི་ཁོང་གིས་སྔར་བས་ལས་ལ་བརྩོན་པའི་སྒུལ་ཤུགས་སུ་གྱུར།

    རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དུང་བརྡ་བསྒྲགས་པ་དང་དམངས་ཕན་ལས་ཕན་གྱི་སྲིད་ཇུས་བཏོན་པ་དང་བསྟུན་ནས་ཕུན་ཚོགས་དངོས་གྲུབ་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དེ་བས་ཆེ་བ་ཞིག་ཡོད་པ་རྟོགས། 2013ལོར་ཁོང་གིས་ཕྱོགས་མང་པོའི་ཐད་ནས་མ་དངུལ་གྲབས་གསོག་བྱས་ཏེ་ཕ་ཡུལ་རྣམ་སྲས་གླིང་དུ་བྱེ་རྡོ་ར་བ་ཞིག་བཙུགས་པ་མ་ཟད་སྲིད་གཞུང་གི་རོགས་རམ་འོག་བདེ་བླག་ངང་ཐོ་འགོད་བྱས་པས་ཕུགས་འདུན་མངོན་འགྱུར་བྱུང་། དེ་དང་ཆབས་ཅིག ཁོང་གིས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་འཆར་འགོད་བྱས་ཏེ་མོན་མཁར་རོང་གྲོང་ཚོར་ཞིང་འབྲོག་པའི་ཨར་ལས་རུ་ཁག་བཙུགས་པ་དང་གྲོང་མིའི་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བར་བྱས་པ་དང་། དེ་ནས་བཟུང་ལས་གཏོད་བགྲོད་ལམ་འབྲས་བཟང་སྨིན་འགོ་ཚུགས།

    དེ་ལྟར་ཕུན་ཚོགས་དངོས་གྲུབ་ཀྱིས་དཀའ་སྡུག་གི་ཁྲོད་དུ་ལམ་ཆེན་བདེ་ཞིང་ཡངས་བ་ཞིག་འཚོལ་ཞིབ་བྱས་པ་རེད། ཁོང་གིས“ངའི་ད་ལྟའི་བར་གྱི་གྲུབ་འབྲས་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་ཡུལ་མི་དང་དེ་བཞིན་གྲོགས་པོ་རྣམས་ཀྱི་རོགས་རམ་ལས་བྱུང་བ་ཞིག་ཡིན། ང་ལ་ཡོང་འབབ་རག་ན་ཅིས་ཀྱང་གཞན་དག་ལའང་ཡོང་འབབ་ཡོད་པར་བྱེད་དགོས”ཞེས་བརྗོད།

    ཞིང་འབྲོག་པའི་ཨར་ལས་རུ་ཁག་བཙུགས་རྗེས་ཁོང་གིས་སྔ་རྗེས་སུ་རྔ་སྒྲ་ཤང་གི་གྲོང་གསེབ་གཞུང་ལམ་དང་། ལྕང་ཅན་གྲོང་ཚོའི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད། རྒྱ་ཚ་རྫོང་ཚེ་ཆུ་ཤང་གི་གཞུང་ལམ་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་སྐྲུན་འགན་འཁུར་བ་དང་། བྱེ་རྡོ་ར་བ་ཡང་ལྷ་ཉིང་ལྕགས་ལམ་དང་རྩེད་གོང་རིམ་མཐོའི་གཞུང་ལམ་སོགས་རྣམ་གྲངས་ཀྱི་དབང་གིས་སྟོབས་ཆེར་སོང་ཡོད། ཁེ་ལས་འཕེལ་རྒྱས་སོང་བ་ལས་མང་ཚོགས་དབུལ་པོ་འབོར་ཆེན་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་པ་དང་། ཁོང་གིས་སྔ་རྗེས་སུ་མི་བརྒྱ་ལྷག་ལ་ལས་གནས་མཁོ་འདོན་བྱས་པ་དང་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10ཙམ་རག་པ་མ་ཟད། ཡུལ་མི་རྣམས་ལ་སྔ་ཙམ་ནས་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུར་རོགས་རམ་ཡང་བྱས་པ་རེད།

    2013ལོར་ཁེ་ལས་ལ་ཁེ་བཟང་རག་པའི་དུས་དེར་ཕུན་ཚོགས་དངོས་གྲུབ་ཀྱིས་རང་འགུལ་ངང་རྣམ་སྲས་གླིང་གི་གྲོང་ཚོའི་མི་ཧྲེང་རྒན་རྒོན་ཚངས་པར་སྒོར་ཁྲི་7བཏང་སྟེ་རྒྱ་ཆེ་ལ་དཀར་ཆ་སྡོད་པའི་ཁང་པ་ཞིག་བསྐྲུན་པ་རེད། གྲོང་ཚོ་གཅིག་པའི་དུད་ཚང་དབུལ་པོ་པད་མ་རྡོ་རྗེའི་བུ་བསྟན་འཛིན་ཚེ་རིང་སློབ་མཚམས་འཇོག་དགོས་འཁེལ་སྐབས་ཁོང་གིས་སློབ་ཆེན་མ་ཐོན་བར་དུ་སློབ་དངུལ་རོགས་སྐྱོར་བྱས་པ་རེད། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཅུང་ཞན་པའི་གསེར་ཀོང་གྲོང་ཚོའི་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་ཆེད་མ་དངུལ་སྒོར་ཁྲི་5ཞལ་འདེབས་བརྒྱབ་པ་རེད།

    ལོ་མང་རིང་ཁོང་གིས་སློབ་གསོའི་འཕེལ་རྒྱས་ལ་མཐའ་གཅིག་ཏུ་དོ་ཁུར་བྱས་ནས་རྣམ་སྲས་གླིང་སློབ་ཆུང་དང་བསམ་ཡས་གྲོང་རྡལ་ཆ་ཚང་སློབ་ཆུང་གི་སློབ་མར་རོགས་དངུལ་སྤྲོད་པ་དང་སློབ་སྐུལ་བྱ་དགའི་དངུལ་སྒོར་ཁྲི་30དང་ཁྲི་23སྔ་རྗེས་སུ་བཏང་བ་རེད། གྲོང་ཚོའི་བཀོད་པ་ལེགས་སུ་གཏོང་ཆེད། ཁོང་གིས་སྒོར་ཁྲི་25ལྷག་བཏང་ནས་ཕི་ཁ་རླངས་འཁོར་ཉོས་པ་དང་། ལམ་གྱི་ས་ཁོད་སྙོམས་པ། གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་རེད།

    རང་ཉིད་ཕྱུག་པོར་ཆགས་ཀྱང་ཡུལ་མི་སྤུན་མཆེད་མི་བརྗེད་པའི་ཕུན་ཚོགས་དངོས་གྲུབ་ཀྱི་སྤྱོད་བཟང་དེར་ཡུལ་དེ་གའི་སྲིད་གཞུང་གི་ཁས་ལེན་ཐོབ་པ་མ་ཟད། མང་ཚོགས་ཀྱི་བསྔགས་བརྗོད་ཀྱང་ཐོབ་པ་རེད། 2016ལོར་ལྷོ་ཁ་གྲོང་ཁྱེར་ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་རྗེས་ཁོང་ལྷོ་ཁ་གྲོང་ཁྱེར་གྱི་སྐབས་དང་པོའི་གྲོང་ཁྱེར་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་དང་། ཡུལ་མི་ཚོས“དཀའ་ངལ་ཡོད་ན་ཕུན་ཚོགས་དངོས་གྲུབ་འཚོལ”ཞེས་པ་དེ་ཁོང་གིས་སྤོབས་པ་ཆེ་ཤོས་སུ་གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།