[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན།

    ཀླུ་ནང་གྲོང་རྡལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཕུན་ཚོགས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གསར་འགོད་པ་འུན་ཧྥང་དང་བསོད་ནམས་དབང་འདུས།    |    སྤེལ་དུས།   2018-07-30

    ཟླ་7ཚེས་29ཉིན།  "མཛེས་པའི་བོད་ལྗོངས།  ལོ་ངོ་བཞི་བཅུའི་འཕོ་འགྱུར་ཆེན་པོདྲ་རྒྱའི་གྲགས་ཅན་མི་སྣས་བོད་ལྗོངས་གླེང"ཞེས་པའི་བཅར་འདྲི་ཚོགས་ཆུང་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོར་འབྱོར་སྐབས། དེ་གར་མིང་གྲགས་ཅུང་ཆེ་བའི་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཕུན་ཚོགས་ཀྱིས་རང་ཉིད་ཀྱི་ཁྱིམ་ཚང་མགྲོན་ཁང་གི་སྒོ་ཁར་ང་ཚོ་བཅར་འདྲི་ཚོགས་ཆུང་ལ་བསུ་བ་ཞུས་བྱུང་།

    微信图片_20180730110849.jpg

    འདི་ནི་ཕུན་ཚོགས་ཀྱིས་ཁྱིམ་ཚང་མགྲོན་ཁང་གི་སྒོ་ཁར་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་པ།

    ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་ཐོག་བརྩེགས་གསུམ་ལྡན་གྱི་བོད་བཟོའི་ཁང་པ་ཡི་སྒོ་རའི་ནང་བཞད་པའི་མེ་ཏོག་སྣ་ཚོགས་ཀྱི་དྲི་བསུང་འཐུལ་བཞིན་མཆིས། ལོ་77ལ་སླེབས་པའི་མགྲོན་ཁང་གི་སྦྱིན་བདག་ཕུན་ཚོགས་ཀྱིས་མགྲོན་ཁང་གི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱས་དོན།  1999ལོར་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་ནས་བཟུང་གྲོང་ཚོའི་ནང་དུ་ཡུལ་སྐོར་བའི་མི་གྲངས་ཇེ་མང་དུ་སོང་བ་དང་། 2000ལོར་ཉིང་ཁྲི་རྫོང་གིས་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ཞིང་། ཀླུ་ནང་གྲོང་རྡལ་ནི་ཡུལ་སྐོར་གསར་སྤེལ་གྱི་གཙོ་བོའི་ལྟེ་གནས་སུ་གྱུར་ཡོད།

    དང་ཐོག་ཕུན་ཚོགས་ཁྱིམ་གྱིས་རྟ་བོགས་མར་བཏང་ནས་ཡོང་འབབ་གསོག་བཞིན་ཡོད། སྟེས་དབང་གི་གོ་སྐབས་བཟང་པོ་ཞིག་ཕུན་ཚོགས་ལ་བྱུང་སྟེ་ཁོ་པས་ཁྱིམ་ཚང་གི་མགྲོན་ཁང་ཞིག་བཙུགས་རྒྱུའི་བསམ་བློ་འཁོར།  ཐེངས་ཤིག་ནང་ས་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས་ཁོ་པའི་ཁྱིམ་གྱི་རྟ་གཡར་ནས་ཀླུ་ནང་གི་མཛེས་ལྗོངས་ལ་པར་ལེན་བྱ་རྒྱུར་མགོ་འཁོར་ཏེ་དེའི་དགོང་མོར་ཁྱིམ་ཚང་གི་མགྲོན་ཁང་མེད་པར་ཡུལ་སྐོར་བ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་།  འོན་ཀྱང་སེམས་བཟང་ཅན་གྱི་ཕུན་ཚོགས་ཀྱིས་ཡུལ་སྐོར་བ་དེ་དག་རང་ཁྱིམ་དུ་སྣེ་ལེན་གཟབ་རྒྱས་ཞུས་ཤིང་ཁོ་ཚོར་གནས་ཚང་གཡར་བས་ཕུན་ཚོགས་ཀྱིས་ཁྱིམ་ཚང་མགྲོན་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར།

    微信图片_20180730110906.jpg

    འདི་ནི་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁངཡིན་པ།

    1998ལོར་བཀྲ་ཤིས་ཕུན་ཚོགས་ཀྱི་མགྲོན་ཁང་དེ་གྲོང་ཚོའི་ནང་གི་ཁྱིམ་ཚང་མགྲོན་ཁང་དང་པོར་གྱུར་ཞིང་། 2000ལོར་ཕུན་ཚོགས་ཀྱི་ཁྱིམ་ཚང་ཞེས་པའི་སྒོ་བྱང་ཡང་དངོས་སུ་བཀལ། དུས་དེ་ནས་བཟུང་ཀླུ་ནང་གྲོང་ཚོ་དང་པོར་གྲགས་པའི་བཀྲ་ཤིས་སྒང་གྲོང་ཚོས་ས་ཕྱོགས་ཁག་ནས་ཕེབས་པའི་སྐུ་མགྲོན་ལ་བསུ་བ་ཞུ་བའི་སྒོ་མོ་ཕྱེ་ཡོད་ལ། ཕུན་ཚོགས་ཁོ་པ་ཡང་གྲོང་ཚོའི་ནང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་འགྱུར། ད་ཆ་གྲོང་ཚོའི་ནང་དུ་དུད་ཁྱིམ་47གྱི་ཁྱིམ་ཚང་མགྲོན་ཁང་ལ་ཉལ་ཁྲི་ཁྱོན་997ཡོད། ལོ་འགའི་སྔོན་དུ་ཕུན་ཚོགས་ཀྱིས་སྲིད་གཞུང་གི་ཁ་གསབ་རོགས་དངུལ་དང་རང་ཉིད་ཀྱིས་ལོ་མང་ནང་བསག་པའི་དངུལ་གྱིས་སླར་ཡང་ཁྱིམ་ཚང་མགྲོན་ཁང་གི་གཞི་རྒྱ་ཆེ་རུ་བཏང་སྟེ། ཐོག་མའི་ཉལ་ཁྲི་8ནས་53བར་མང་དུ་བཏང་ཡོད། དུས་མཚུངས་སྲིད་གཞུང་གིས་གཅིག་གྱུར་ཐོག་གྲོང་ཚོའི་ནང་གི་ཁྱིམ་ཚང་མགྲོན་ཁང་ལ་རིན་མེད་ཐོག་ཉི་འོད་ཆུ་དྲོད་གློག་ཆས་དང་བརྙན་འཕྲིན་གྲངས་འཛིན་སྒམ་སོགས་སྒྲིག་ཆས་མང་དག་ཅིག་བསྒར།

    微信图片11111.jpg

    འདི་ནི་གཞི་རྒྱ་ཆེ་རུ་བཏང་བའི་ཁོ་པའི་ཁྱིམ་ཚང་མགྲོན་ཁང་གི་ཟུར་ཞིག་ཡིན་པ།

    གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལ་ཞི་བའི་བཅིངས་འགྲོལ་མ་བཏང་སྔོན་དུ་ཕུན་ཚོགས་ནི་ཞིང་བྲན་བདག་པོའི་ས་ཞིང་འདེབས་མཁན་ཞིག་དང་།  བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་རྗེས་ཞིང་འབྲོག་མང་ཚོགས་ལ་ས་ཞིང་དང་། སྡོད་ཁང་།  འབྲུ་རིགས་སོགས་བྱུང་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཡང་རིམ་བཞིན་ཇེ་བཟང་དུ་ཕྱིན་ཡོད།  འོན་ཀྱང་བཀྲ་ཤིས་སྒང་གྲོང་ཚོར་དེ་ཙམ་གྱི་འཕོ་འགྱུར་ཆེན་པོ་བྱུང་མེད།

    2009ལོར་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་ཡང་ཉིང་ཁྲིའི་སྔོན་ཐོན་གྱི་ཁྱིམ་ཚང་མགྲོན་ཁང་གི་མཚན་སྙན་ཐེངས་མང་ཐོབ་པ་མ་ཟད། ཕུན་ཚོགས་རང་ཉིད་ཀྱང་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་གཞོན་ནུའི་ཕྱུག་འགྱུར་སྣེ་ཁྲིད་པའི་མཚན་སྙན་ཡང་ཐོབ་ཡོད། 2016ལོའི་གྲོང་ཚོ་ཡོངས་ཀྱིས་ཁྱོན་སྐུ་མགྲོན་མི་ཐེངས་ཁྲི་5སྣེ་ལེན་བྱས་ནས་ཡོང་འབབ་སྒོར་ཁྲི་300ཟིན་པ་དང་། 2017ལོར་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1097ཟིན་པ་དང་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་71ལ་སྣེ་ལེན་ཞུས་ཡོད།

    ཉེ་བའི་ལོའི་ནང་བཀྲ་ཤིས་སྒང་གྲོང་ཚོས་ཏང་གི་སྲིད་ཇུས་བཟང་པོ་དང་མཛེད་སྡུག་ལྡན་པའི་ཡུལ་ལྗོངས།  མང་ཚོགས་ཚོས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་བཞིན་ཡོད་ལ། བཀྲ་ཤིས་སྒང་གྲོང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་གནང་བའི་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པར་ར་སྤྲོད་ལེགས་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།