གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དེ་རྫོང་དེ་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ནས་འཆར་འགོད་སྔོན་ལ་ལག་བསྟར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་འཆར་འགོད་མཐར་ཕྱིན་པ་བྱས་ནས“ཞིང་གསུམ”བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ཉམས་བཟང་རོལ་དབྱངས་ཤིག་ནུས་ཤུགས་ཡོད་རྒུས་དཀྲོལ་ཏེ“ཐོན་ལས་དར་ཞིང་རྒྱས་པ་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ཕན་ནུས་ལྡན་པ། འཚོ་བ་འབྱོར་ཕྱུག”བཅས་ཀྱི་རྣམ་པ་ཞིག་འདམ་གཞུང་རྩྭ་ཐང་དུ་རིམ་བཞིན་མངོན་ཡོད།
ཏང་འཛུགས་སྐྱོང་གིས་སྣེ་འཁྲིད་དེ་གྲོང་གསེབ་འཕེལ་རྒྱས“མྱུར་བགྲོད་ལམ་བུར”སྐྱོད་པ།
གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་གྲོང་གསེབ་དར་རྒྱས་གཏོང་བར། གཞི་རིམ་ཏང་རྩ་འཛུགས་ངེས་པར་དུ་སྲ་ཞིང་བརྟན་པ་དང་ཏང་ཡོན་དཔུང་ཁག་ངེས་པར་དུ་ཉམས་སད་ཐེག་ཐུབ་པ་དགོས། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། གོམ་སྟབས་གཅིག་གྱུར་དང་མཉམ་དུ་ནུས་ཤུགས་འདོན་པ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་རྐང་དུ་བྱེད་པ། རྨང་གཞི་འདིང་བ་དང་། ཞན་ཆ་སེལ་བ། ལེགས་གཏོང་ལ་སྐུལ་འདེད་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་འཕེལ་རྒྱས“མྱུར་བགྲོད་ལམ་བུར”བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།
ལོ་རེའི་ཟླ་7པར། གནམ་མཚོར་ཡུལ་སྐོར་བ་མང་བའི་དུས་ཚིགས་འཆར་ཞིང་། དག་པོ་གྲོང་ཚོའི་རྟ་ནག་འབྲོག་པའི་ཡུལ་སྐོར་ཞབས་ཞུའི་མཉམ་ལས་ཁང་གི་ཁོངས་མི་ཡིན་པའི་གནམ་མཚོ་ཤང་དག་པོ་གྲོང་ཚོའི་གྲོང་མི་དཀོན་མཆོག་རྡོ་རྗེར་2021ལོ་ཁོ་ནར་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང་ཡོད་པ་རེད།
“སྐབས་དེ་དུས་གྲོང་ཚོའི་ལས་བྱེད་པས་ང་ལ་བསམ་བློའི་སློབ་གསོ་བཏང་ནས་མཉམ་ལས་ཁང་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པས་ད་ཆ་ཁེ་སྤོགས་མང་པོ་འདི་འདྲ་ལེན་རྒྱུ་བྱུང་བ་རེད”ཅེས་དཀོན་མཆོག་རྡོ་རྗེས་གསར་འགོད་པར་བཤད།
དག་པོ་གྲོང་ཚོ་ནི་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་གནས་ཤིང་། གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“ཏང་འཛུགས་སྐྱོང་དང་། ཡུལ་སྐོར། བཅོས་སྐྱོང་བཅས་ཟུང་དུ་འབྲེལ་བ”དམ་འཛིན་བྱ་གཞིར་བྱས་ནས་ཏང་འཛུགས་སྐྱོང་དེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་སྤྱི་ཚོགས་བཅོས་སྐྱོང་ནང་བཅུག་ནས་རྟ་ནག་འབྲོག་པའི་ཡུལ་སྐོར་ཞབས་ཞུའི་མཉམ་ལས་ཁང་དང་། དག་པོ་གྲོང་ཚོའི་དབྱར་དུས་འབྲོག་པའི་སྤྲོ་སྐྱིད་གླིང་། དག་པོ་གྲོང་ཚོའི་ཡུལ་སྐོར་མགྲོན་ཁང་སོགས་ཐོན་ལས་རྣམ་གྲངས་བཏོད་པ་རེད། ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་གཟའ་འཁོར་རེར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ཐེངས་གསུམ་བྱས་ནས་གྲོང་མི་དང་ཡུལ་སྐོར་བའི་བར་འབྲེལ་གཏུག་དང་སྤེལ་རེས་དེ་བས་སྟབས་བདེ་རུ་བཏང་བ་དང་། དྲ་ཐོག་དང་དྲ་ཕྱིར་སྲིད་ཇུས་ཁྲིམས་སྲོལ་གྱི་གསོ་སྦྱོང་བྱས་ཏེ་གྲོང་མིར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་རོགས་བྱས་པ། གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་ཕྱོགས་མིའི་ཏང་ཡོན་10ལྷག་ཙམ་བསྡུས་ཏེ་མཛེས་ལྗོངས་ཁུལ་གང་དུ་ཡོད་ཚེ་ཀྲི་པུའུ་དེ་གར་ཡོད་པ་དང་ཡུལ་སྐོར་བ་གང་དུ་ཡོད་ན་ཏང་ཡོན་དང་བླངས་པ་དེ་གར་འགྲོ་གང་ཐུབ་བྱས་ཡོད། ན་ནིང་། དག་པོ་གྲོང་ཚོའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཟིན་ནས་མང་ཚོགས་ལ་ཁེ་འབབ་སྒོར་ཁྲི་80ལྷག་ཙམ་བགོས་པ་རེད།
མང་ཚོགས་བློ་ཡིད་ཚིམ་མིན་དང་། དགའ་པོ་ཡོད་མེད། ཁས་ལེན་བྱེད་མིན་བཅས་ནི་ལས་བྱེད་པས་ལས་དོན་ཡག་པོ་སྒྲུབ་མིན་གྱི་ཚད་གཞི་རེད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་བརྒྱུད་རིམ་ནང་འདམ་གཞུང་རྫོང་གིས་ཏང་འཛུགས་སྐྱོང་གི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་ཧུར་ཐག་བཏང་སྟེ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། 2021ལོར་འདམ་གཞུང་རྫོང་གི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་29ཡིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་སྣེ་ཁྲིད་བྱས་པ་དང་། གྲོང་ཚོ(སྡེ་ཁུལ)29ཡི་མཉམ་སྡེབ་དཔལ་འབྱོར་ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10ཡན་བྱུང་བ་ལས་གྲོང་ཚོ་5ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་བརྒྱ་ལས་བརྒལ་ཡོད་པ་རེད།
ཐོན་ལས་ཀྱི་ཕན་ནུས་ལ་བརྟེན་ནས་མང་ཚོགས་ལ་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པ།
བོད་ལྗོངས་གནམ་མཚོ་ཕྱུག་མོ་བཟོ་གྲྭར་སྐྱོད་སྐབས། ཐོན་སྐྱེད་བཟོ་འཁོར་གཉིས་ནས“7100”རྟགས་ཅན་གྱི་རང་བྱུང་འཐུང་ཆུ་གཙང་གསིང་བྱས་རྗེས། འགྱིག་དམ་ནང་བླུགས་པ་དང་ཨང་རྟགས་དང་མཚོན་རྟགས་སྦྱར་བ་སོགས་ཀྱི་ལས་རིམ་ཚར་རྗེས་ཤོག་སྒམ་ནང་བླུགས་ཀྱི་འདུག
“རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་ཉེ་བའི་ལོ་ཤས་རིང་ང་ཚོས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་མང་ཚོགས་ལ་ཐོན་ལས་དར་རྒྱས་གཏོང་བའི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་འཚོལ་ཞིབ་ནུས་ལྡན་ཞིག་རེད”ཅེས་འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཐུབ་བསྟན་འཕེལ་རྒྱས་ཀྱིས་བཤད།
ཁྱད་ལྡན་ཐོན་ལས་སྣེ་འདྲེན་དུ་བྱས་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་འཚོལ་ཞིབ་བྱས་ཤིང་། ཉེ་བའི་ལོ་ཤས་རིང་འདམ་གཞུང་རྫོང་གིས་ཐོན་ལས་ཁག་གི་ཐོན་སྐྱེད་དང་ཕྱིར་ཚོང་ལོགས་སུ་ཕྱེ་སྟེ་རྫོང་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་ཐོན་སྐྱེད་བྱེད་པ་དང་ཆབས་ཅིག ཆེད་ལས་ཚོགས་པ་གདན་དྲངས་ཏེ་ཁྲོམ་རའི་བྲིན་ཚོང་ཁྱབ་གདལ་བཏང་ནས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས“ལྷད་མེད་ཀྱི་འདམ་གཞུང”ཧུར་ཐག་བཏོད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
འདམ་གཞུང་རྫོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”ཐོན་ལས་རོགས་སྐྱོར་འཆར་འགོད་རྣམ་གྲངས་དང་རྫོང་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བོད་ལྗོངས་གནམ་མཚོ་ཕྱུག་མོ་བཟོ་གྲྭ་2019ལོར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། ལོ་གསུམ་ལྷག་ཙམ་རིང་བྲིན་ཚོང་དངུལ་འབོར་སྒོར་ཁྲི་3831.57ཟིན་ཡོད་པ་རེད།
གྲོང་གསེབ་དར་རྒྱས་ལས་ཁེ་ལས་ལ་ཕན་པ་ཐོབ་ཅིང་། ད་བྱས་ན་མང་ཚོགས་ལ་ཐོན་ལས་འབབ་འཕར་གྱི་ཕན་འབྲས་མཉམ་སྤྱོད་ཇི་ལྟར་ཐུབ་པ་བྱེད་དགོས་སམ་ཞེ་ན། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་ཁེ་ཕན་བགོ་བཤའི་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཁྲོད་ཀྱི་ཐོན་ལས་རྣམ་གྲངས་ཀྱི་འདེགས་སྐྱོར་ནུས་པ་གང་ལེགས་བཏོན་ཡོད། 2021ལོར་གནམ་མཚོ་ཁེ་ལས་ཚད་ཡོད་ཀུང་སིས་མང་ཚོགས་299ལ་སྒོར་ཁྲི་45.59བགོ་འགྲེམས་བརྒྱབ་པ་དང་མི་58ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད།
འདི་ལོ་ལོ་39ལ་སླེབས་པའི་ཚེ་འཕེལ་ནི་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོ་ནས་ཡིན་ཞིང་། 2019ལོར་འདམ་གཞུང་རྫོང་ཁང་དམར་ཆུ་ཚན་མགྲོན་ཁང་ལས་གཉེར་བྱེད་འགོ་ཚུགས་རྗེས་ཚེ་འཕེལ་མགྲོན་ཁང་གི་བདེ་སྲུང་པར་གྱུར་ནས་ཟླ་རེར་གླ་ཆ་སྒོར་3000ཡོད། ལས་འགོ་ཚུགས་ཚུན་མགྲོན་ཁང་གིས་ཚེ་འཕེལ་ཚུད་པའི་མི་276ལས་ཀར་བསྡུས་ཡོད་པ་དང་རིམ་རྩིས་བྱས་ན་མི་550ལ་ཁེ་སྤོགས་སྒོར་ཁྲི་55བགོ་བཤའ་བརྒྱབ་ཡོད་པ་རེད།
ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ཡིན་ཞིང་། ཕྱོགས་གཅིག་ནས་མང་ཚོགས་ཀྱི་ཡོང་འབབ་དང་འབྲེལ་བ་ཡོད་ལ། ཕྱོགས་གཞན་ཞིག་ནས་གྲོང་གསེབ་དར་རྒྱས་གཏོང་བའི་གཏིང་ཤུགས་དང་ཡང་འབྲེལ་བ་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། འདམ་གཞུང་རྫོང་གི་ཐོན་ལས་རྣམ་གྲངས་34ཡིས་ཁེ་སྤོགས་སྒོར་ཁྲི་3338ལྷག་ཙམ་རྩིས་འབུལ་བྱས་ཤིང་། ཁེ་སྤོགས་སྒོར་ཁྲི་2841བགོ་བཤའ་བརྒྱབ་པ་དེ་རིམ་རྩིས་བྱས་ན་མི་ཐེངས་41977ལ་སྤྲད་ཡོད་པ་དང་། གླ་ཕོགས་སྒོར་ཁྲི་4820སྤྲད་པ། མི་ཁྲི་191གཏན་འཇགས་ལས་ཞུགས་ཐུབ་པ་བཅས་བྱས་ཏེ་དམངས་ཀྱི་ཆེད་དུ་གྲོང་གསེབ་དར་རྒྱས་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བར་མི་དམངས་ལ་བརྟེན་པ། གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་དངོས་འབྲེལ་ལོངས་སྤྱོད་ཐུབ་པ་བཅས་བྱུང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད།
མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བཏོད་པ།
གྲོང་གསེབ་དར་རྒྱས་གཏོང་བའི་བརྒྱུད་རིམ་ནང་འདམ་གཞུང་རྫོང་གིས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཁྱབ་གདལ་བཏང་བ་བརྒྱུད་མང་ཚོགས་ལ་བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་རིམ་བཞིན་འཇགས་པའི་ཁྲིད་སྟོན་ཧུར་ཐག་བྱས་པ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་མང་ཚོགས་ཀྱི་སེམས་ཤུགས་འཕེལ་བར་བྱས་ཏེ་གྲོང་གསེབ་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
རྫོང་གྲོང་དང་བར་ཐག་སྤྱི་ལེ་30ཡོད་པའི་ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོར་དེ་སྔ་ས་ཁམས་ཆ་རྐྱེན་དང་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཚོད་འཛིན་ཕོག་ནས་གྲོང་མིའི་འཚོ་བའི་ཆུ་སྙིགས་དང་གད་སྙིགས་གཅིག་སྡུད་དང་གཙང་སེལ་བྱེད་ཐབས་མེད་པས་གྲོང་ཚོའི་རྣམ་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་ཁག་དང་པོའི་གྲས་སུ་ཚུད་རྗེས་འདམ་གཞུང་རྫོང་གིས་མ་དངུལ་སྒོར་ཁྲི་9457.04བཏང་ནས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་212ཀྱི་མང་ཚོགས་ཚང་མ་གསར་དུ་བསྐྲུན་པའི་དཔེ་སྟོན་གྲོང་ཚོར་སྤོས་པ་རེད།
དཔེ་སྟོན་གྲོང་ཚོ་དེ་ཉིད་དེ་སྔའི་ཀོ་ཁྱིམ་གྲོང་ཚོ་དང་བར་ཐག་སྤྱི་ལེ་2ལས་མེད་མོད། འོན་ཀྱང་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་ལ་སྡོད་ཁང་ཆ་རྐྱེན་ཡང་ལེགས་སུ་ཤུགས་ཆེན་ཕྱིན་ཡོད།
ཀོ་ཁྱིམ་གྲོང་ཚོའི་ཚོགས་ཆུང་དང་པོའི་གྲོང་མི་མཚམས་ཟླ་2021ལོའི་ཟླ་11པར་དཔེ་སྟོན་གྲོང་ཚོར་སྤོས་རྗེས་རང་ཁྱིམ་གྱི་ཐོག་སོ་དང་པོར་ཇ་ཁང་གཉེར་བ་དང་། ཐོག་སོ་གཉིས་པར་ནང་མི་སྡོད་ཀྱི་ཡོད། རང་ཁྱིམ་གྱིས་གཉེར་བའི་ཇ་ཁང་དུ་མཚམས་ཟླས“གནས་སྤོ་མ་བྱས་གོང་ང་ཚོའི་སྡོད་ཁང་ས་ཕག་ཁང་པ་ཡིན། ད་ཆ་སྨི་ངོས་གྲུ་150ཟིན་པའི་ཁང་པ་ཆེན་པོར་སྡོད་རྒྱུ་བྱུང་བ་མ་ཟད། ཇ་ཁང་གི་ཉིན་རེའི་ཡོང་འབབ་སྒོར་200ཙམ་ཟིན་གྱི་འདུག་པས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་འདུག”ཅེས་སེམས་འགུལ་ཐེབས་བཞིན་བཤད།
འདི་ལོ་འདམ་གཞུང་རྫོང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་རྣམ་གྲངས་12ལ་ཆོག་མཆན་སྤྲད་ནས་མ་དངུལ་སྒོར་ཁྲི་15522.16བཏང་ཡོད། དེ་དང་ཆབས་ཅིག་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱ་ཆེད། འདམ་གཞུང་རྫོང་གིས་ཐོན་སྐྱེད(ཐོན་ལས)འཕེལ་རྒྱས་རིགས་ཀྱི་རྣམ་གྲངས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས། སྤྱི་ཕན་ལས་གནས་རིགས་ཀྱི་རྣམ་གྲངས་སོགས་ཚུད་པའི་རྣམ་གྲངས་65ཡི་སྙན་ཞུ་ཧུར་ཐག་འབུལ་བཞིན་ཡོད་པ་རེད།
མི་རིགས་བསྐྱར་དར་ཡོང་དགོས་ན་གྲོང་གསེབ་ངེས་པར་དུ་དར་རྒྱས་གཏོང་དགོས། “2021ལོའི་ལོ་འཁོར་གྱི་ཀྲུང་གོའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་རྫོང་དང་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པའི་འདམ་གཞུང་རྫོང་འདི་ཉིད་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་བསྐྱོད་དེ་ཐོན་ལས་དར་ཞིང་རྒྱས་པ་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཡ་རབས་དང་ལྡན་པ། བཅོས་སྐྱོང་ཕན་ནུས་ལྡན་པ། འཚོ་བ་འབྱོར་ཞིང་ཕྱུག་པ་བཅས་གྲོང་གསེབ་དར་རྒྱས་དང་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་བཞིན་ཡོད།