[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མདའ་རོ་གྲོང་ཚོ།

    ཡ་རབས་ལྡན་པའི་ཡུལ་སྲོལ། མཛེས་སྡུག་ལྡན་པའི་གྲོང་གསེབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-11-11

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོའི་ཉམས་མྱོང་རྒྱལ་ཡོངས་ཀྱི་གྲོང་ཚོ་རིམ་པའི“ཡ་རབས་ལྡན་པའི་ཡུལ་སྲོལ་སྲོལ་གཏོད”ཀྱི་དཔེ་མཚོན་ཁག་གསུམ་པར་བདམས་ཤིང་། གཏམ་བཟང་དེ་ཐོས་འཕྲལ་མདའ་རོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐུབ་བསྟན་ཉི་མས“ངས་མུ་མཐུད་གྲོང་མི་ཚོའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་དང་ཡ་རབས་ལྡན་པའི་ཡུལ་སྲོལ་སྲོལ་གཏོད་ལ་དམ་འཛིན་ཡག་པོ་བྱེད་ཀྱི་ཡིན”ཞེས་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད།

    དཔལ་འབྱོར་འཁོར་རྒྱུག་ཐུབ་པར་བྱས་ནས་མི་སེར་ཚོར་འབབ་འཕར་བཏོད་པ།

    “ད་ཆ་ང་ཚོའི་འཚོ་བའང་གྲོང་ཁྱེར་དང་དེ་ཙམ་ཁྱད་པར་མེད། འགྲིམ་འགྲུལ་སྟབས་བདེ་བ་དང་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་མ་ཟད། གྲོང་མི་ཚོའི་ཡོང་འབབ་ཀྱང་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་ཡོད”ཅེས་མདའ་རོ་གྲོང་ཚོའི་གྲོང་མི་ཚེ་རིང་མཚོ་མོས་ད་ལྟའི་འཚོ་བར་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཏང་ཡོན་ཚོའི་དཔེ་སྟོན་སྣེ་ཁྲིད་དང་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་སྐྱོར་འོག མདའ་རོ་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཚོས་ཁྲོམ་རར་ཕྱོགས་པ་དང་། རང་རྟེན་གཉེར་སྐྱོང་། ཁེ་གྱོང་རང་ཁུར་བཅས་མཐའ་འཁྱོངས་ཀྱིས་མཉམ་ལས་དཔལ་འབྱོར་སྣ་ཚོགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། སྔ་རྗེས་སུ་རྩམ་པ་ལས་སྣོན་བཟོ་གྲྭ་དང་། ཞིང་འབྲོག་པའི་ཨར་ལས་རུ་ཁག སྐྱེལ་འདྲེན་རུ་ཁག རྡོ་རྒྱུ་ལས་སྣོན་བཟོ་གྲྭ་བཅས་བཙུགས་པ་མ་ཟད། ཐོན་ལས་ཐོག་ཁང་གསར་དུ་བསྐྲུན་ཏེ་མང་ཚོགས་རྣམས་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པར་བྱས་ཡོད།

    2016ལོར། མདའ་རོ་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ནས་སྒོར་ཁྲི་200ལྷག་ཙམ་བཏོན་ཏེ། ཐོན་ལས་ཐོག་ཁང་བསྐྲུན་པ་མ་ཟད། མཉམ་སྡེབ་ཚོང་ཁང་བོགས་གཏོང་དང་། ས་ཞིང་འགན་གཙང་གཉེར་སྐྱོང་། སྤྲོ་གསེང་རོལ་རྩེད་བཅས་གཞི་གཅིག་ཅན་གྱི་གཉེར་སྐྱོང་བྱ་ཐབས་སྤྱད་དེ་གྲོང་མི་ཚོར་ཐོན་ལས་དབུལ་སྐྱོར་གྱི་ཕན་པ་ཐོབ་པ་དང་། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཡོད། གྲོང་ཚོ་གཅིག་ཁོ་ན་ཕྱུག་པོ་ཆགས་ཚེ་ཕྱུག་པོར་མི་བརྩི་བས། མདའ་རོ་གྲོང་ཚོས་ད་དུང་གཡོ་རི་དུང་གྲོང་ཚོ་དང་ཕུ་རག་གྲོང་ཚོ་དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ནས་མི་ཤུགས་དང་། ལག་རྩལ། དངོས་ཟོག་བཅས་ཀྱི་ཐད་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་མཉམ་དུ་ཡར་རྒྱས་དང་འཕེལ་རྒྱས་ཡོང་བར་བྱས་ཡོད།

    སྲོལ་གསར་བཏོད་ནས་ཞི་མཐུན་གྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པ།

    སྔོན་ཆད་མདའ་རོ་གྲོང་ཚོ“གནམ་དྭངས་དུས་གང་སར་ས་རྡུལ་གྱིས་ཁེངས་པ་དང་། ཆར་པ་འབབ་དུས་གང་སར་འདམ་རྫབ་ཀྱིས་ཁེངས་པ། མཚན་མོ་ལམ་སྒྲོན་མེད་པས་གང་སར་ནག་ཐིང་ངེར་རེད” ཉེ་བའི་ལོ་ཤས་རིང་། གྲོང་མིའི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་བསྟུན་ནས་མདའ་རོ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ“འཚོ་བ་འབྱོར་ཕྱུག་ལྡན་དགོས་ལ། འཚོ་བའི་ཁོར་ཡུག་ཀྱང་ཇེ་ལེགས་སུ་གཏོང་དགོས་པའི”མྱོང་ཚོར་ཟབ་མོ་བྱུང་ཡོད།

    དེར་བརྟེན་མདའ་རོ་གྲོང་ཚོས་གྲོང་གསེབ་བཅོས་སྐྱོང་གི“ཕྱོགས་བཞི་མཚམས་བརྒྱད”ཀྱི་མ་ལག་བཏོད་ནས། སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ཞན་ཆ་གང་མགྱོགས་བསལ་ཏེ། སྔ་རྗེས་སུ་ཁག་3གྱི་ཉེན་ཡོད་སྡོད་ཁང་11སྒྱུར་བཀོད་བྱས་པ་དང་། གྲོང་ཚོ་ཡོངས་ཀྱི་གད་སྙིགས་བསྡུ་རུབ་དང་གཙང་སེལ་བྱེད་ཚད་100%ཟིན་པ། “ཀྲི་པུའུ་དྲ་མིག་ཅན་དུ་བསྐྱོད་པ་དང་ཏང་དང་མང་ཚོགས་ཀྱིས་དུད་སྦྲེལ་འགན་གཙང་ལེན་པའི”བཅོས་སྒྲིག་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་གིས་ཤེས་དཔལ་གྲོང་ཚོ་དང་། སྐར་མ་རིམ་པའི་ཤེས་དཔལ་དུད་ཚང། ཤེས་དཔལ་ཁྱིམ་ཚང་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་སྤེལ་བས། གྲོང་ཚོ་དང་གྲོང་ལྷན་བཅོས་སྐྱོང་ཐད་ཐོན་ལས་མི་ལུས་པ་དང་། སྒྲིག་ཆས་རྗེས་ལུས་མིན་པ། ཁང་པ་དུས་ཚོད་མི་ཡོལ་བ། གད་སྙིགས་མཐོང་རྒྱུ་མེད་པ། ཤང་སྲོལ་རྗེས་ལུས་མི་ཐེབས་པ། བརྟན་ལྷིང་ཐད་གནས་ཚུལ་མི་ཐོན་པ། ལྟ་སྐུལ་དོ་དམ་བྱེད་མཚམས་མི་འཇོག་པ་བཅས་བྱུང་ཡོད།

    སྤྱི་ཚོགས་བཅོས་སྐྱོང་ཐད་མདའ་རོ་གྲོང་ཚོས་ལོ་ལྟར་དུས་བཀག་ལྟར་གྲོང་སྲོལ་དམངས་ཆིངས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་སྲོལ་དམངས་ཆིངས་གཙོ་བོར་བྱེད་པ་དང་། 《མདའ་རོ་གྲོང་ཚོའི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིའི་འགན་འཁྲི》དང《མདའ་རོ་གྲོང་ཚོའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་འགན་འཁྲི》སོགས་ལེ་ལག་ཏུ་བྱས་པའི་ལམ་ལུགས་ཁག་12བཟོས་པས། གྲོང་མི་ཚོས་གྲོང་སྲོལ་དམངས་ཆིངས་ལག་ལེན་བསྟར་བར་བློ་ཡིད་ཚིམ་ཚད་90%ཟིན་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། དེ་དང་ཆབས་ཅིག་གཞི་རིམ་མི་དམངས་ཀྱི་འདུམ་འགྲིག་བྱེད་པའི“865”ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ་དང་། དམངས་འཚོ་དང་། ཁྲིམས་སྐྱོང་། ཀུན་སྤྱོད་བཅས་ཀྱི“ཞབས་ཞུ་ཆུང་ངུའི”བྱེད་སྒོ་ཡང་སྤེལ་ཡོད། 2021ལོ་ཚུན་དུ། བཅའ་ཁྲིམས་དྲིལ་བསྒྲགས་དང་མི་དམངས་འདུམ་འགྲིག་སོགས་ཀྱི་བྱེད་སྒོ་ཐེངས་37སྤེལ་བ་དང་མི་ཐེངས་1128ལ་ཞབས་འདེགས་ཞུས་ཡོད་པ་རེད།

    མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་བརྟན་ལྷིང་གི་རྣམ་པ་གསར་པ་བཏོད་པ།

    མདའ་རོ་གྲོང་ཚོར་སྐྱོད་སྐབས། ལམ་ཟུར་གྱི་གློག་ཤིང་དང་གྱང་ངོས་གང་སར“ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་ཡོང་བར་བྱེད། གཅིག་སེམས་གཅིག་འབྲེལ་ངང་ནས་ཞི་མཐུན་འཕེལ་རྒྱས་གཏོང”དང“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་སོགས་ཀྱི་དྲིལ་བསྒྲགས་སྦྱར་ཡིག་མཐོང་རྒྱུ་ཡོད་ལ། གྲོང་ཚོའི་ལམ་བུ་བརྒྱུད་མུ་མཐུད་བསྐྱོད་ཚེ་མི་རིགས་མཐུན་སྒྲིལ་གྱི་རིག་གནས་གྱང་ཞིག་གསལ་ལེར་མངོན་ཞིང་། དེའི་སྟེང་གི་མི་རིགས་ཁག་གི་མང་ཚོགས་ཚོས་མཉམ་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བའི་པར་རིས་དག་ལས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་དྲང་ནུས་ཤིག་བརྒྱུད་སྤྲོད་བྱེད་བཞིན་ཡོད།

    དུས་ཡུན་རིང་པོའི་ནང་མདའ་རོ་གྲོང་ཚོས“ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཟུང་དུ་འབྲེལ་བའི”བྱེད་ཐབས་གཅིག་འདོམས་སུ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དུ“ཁྱབ་སྤེལ་དགུའི”ལས་དོན་མུ་མཐུད་གཏིང་ཟབ་སྤེལ་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》གི་ནང་དོན་གྲོང་སྲོལ་དམངས་ཆིངས་ནང་འཇུག་པ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

    2021ལོར་མདའ་རོ་གྲོང་ཚོ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོར་བདམས་པ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྤེལ་རིང་། མདའ་རོ་གྲོང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་འཇུག་གཞིར་བྱས་ཏེ། “སློབ་སྦྱོང་ལྔ་ཡི་རྣམ་པ”སྤྱད་ནས་གྲོང་ཚོའི་ལས་བྱེད་པར་ཕྱོགས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་བྱ་སྤྱོད་སྤེལ་བ་དང་། གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས་སློབ་སྦྱོང་གི་རྨང་གཞི་བརྟན་གཏོང་གི་བྱ་སྤྱོད་སྤེལ་བ། ཞིང་འབྲོག་མང་ཚོགས་ལ་ཕྱོགས་ནས་རྨང་བརྟན་གྱི་བྱ་སྤྱོད་སྤེལ་ཡོད། མིག་སྔའི་བར་གྲོང་ཚོ་ཡོངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་པའི་མི་གྲངས་80%ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།