[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • མི་སེམས་དྲོས་པའི་ཁ་གཏད་རོགས་སྐྱོར་ལས། གྲོང་གསེབ་དར་རྒྱས་རྣམ་པ་གསར་དུ་མངོན།

    —— ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཟངས་རི་གྲོང་ཚོའི་འཕེལ་རྒྱས་ལ་རམ་འདེགས་བྱས་པའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-10-23

    སྙེ་མོ་རྫོང་དར་རོང་གྲོང་རྡལ་ཟངས་རི་གྲོང་ཚོ་ནི་སྙེ་མོ་རྫོང་གྲོང་དང་བར་ཐག་སྤྱི་ལེ་གསུམ་ཙམ་ལས་མེད། འགྲིམ་འགྲུལ་སྟབས་བདེ་ལ། ཡུལ་ལྗོངས་མཛེས་ཤིང་། དམངས་སྲོལ་བབ་ཆཌ་པའི་གྲོང་ཚོ་ཞིག་རེད། གྲོང་ཚོའི་ཕྱོགས་གང་ས་ནས་གྲོང་གསེབ་གསར་པའི་རྣམ་པ་གསར་པ་དང་། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ་བཅས་མཐོང་རྒྱུ་ཡོད།

    གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་སྐབས་ཟངས་རི་གྲོང་ཚོའི་གྲོང་མིས་དགའ་ཚོར་ཆེན་པོས་དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་དང་དེ་བཞིན་ཆ་སྒྲིག་རོགས་སྐྱོར་ཚན་པ་ཡིན་པའི་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་བརྗོད་ཀྱི་ཡོད།

    2019ལོར་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(གཤམ་དུ“ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ”ཞེས་བསྡུ་རྒྱུ)གྱིས་སྙེ་མོ་རྫོང་དར་རོང་གྲོང་རྡལ་ཟངས་རི་གྲོང་ཚོར་རོགས་སྐྱོར་ཆ་སྒྲིག་བྱས་པ་རེད། ལོ་གསུམ་རིང་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་རྣམ་གྲངས་རོགས་སྐྲུན་དང་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པ་བརྒྱུད་ཟངས་རི་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་རེད།

    ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་དར་རོང་གྲོང་རྡལ་ཟངས་རི་གྲོང་ཚོའི་སྤུས་ལེགས་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་དང་། ཏང་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོའི་རྣམ་གྲངས། དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱི་རྣམ་གྲངས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གྱི་ཆེད་དོན་གསོ་སྦྱོང་རྣམ་གྲངས། གད་སྙིགས་བརྒྱུད་འདྲེན་རླངས་འཁོར་དང་སྐྱེལ་འདྲེན་རླངས་འཁོར་རྣམ་གྲངས་སོགས་རྣམ་གྲངས་8སྔ་རྗེས་སུ་རོགས་སྐྲུན་བྱས་པ་དང་རོགས་སྐྱོར་མ་དངུལ་དང་རྣམ་གྲངས་ཀྱི་དངུལ་འབོར་སྒོར་ཁྲི་2742ཟིན་ཡོད་པ་རེད།

    སྤུས་ལེགས་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད། ཟངས་རི་གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ནུས་ལྡན་ལེགས་སུ་ཕྱིན་པ་དང་། ཐོན་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ། བཅོས་སྐྱོང་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ། ཤེས་དཔལ་གྱི་རྣམ་པ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ནས། སྙེ་མོ་རྫོང་གི་རྩེར་སོན་གྲོང་ཚོར་གྱུར་ཡོད། གྲོང་ཚོ་ཨུ་ལྷན་གྱི་རྣམ་པ་གསར་རྐྱང་དུ་གྱུར་ནས་མང་ཚོགས་ཀྱིས་གྲོང་ཚོའི་ནང་ཇ་ཁང་དང་ཚོང་ཁང་གཉེར་བས་དཔལ་འབྱོར་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད་པ་རེད།

    ཏང་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད། ཟངས་རི་གྲོང་ཚོའི་ཏང་ཀྲི་པུས་ཏང་ཡོན་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་དང་བྱེད་སྒོ་སྤེལ་ཡུལ་ཡོད་པས་ཟངས་རི་གྲོང་ཚོའི་ཏང་འཛུགས་སྐྱོང་གི་ལས་ཀའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་ཁར། ཟངས་རི་གྲོང་ཚོའི་ཏང་ཀྲི་པུའི་གོང་བུ་འགྲིལ་ཤུགས་དང་། འབོད་སྐུལ་ནུས་པ། འཐབ་ནུས་བཅས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    དེ་དག་ནི་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཟངས་རི་གྲོང་ཚོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཟངས་རི་གྲོང་ཚོར་བཅའ་སྡོད་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལས་དོན་རུ་ཁག་གིས་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། དུས་འགོའི་བརྟག་ཞིབ་ཧུར་ཐག་བྱས་ནས་བརྟག་ཞིབ་སྙན་ཞུ་ཡག་པོ་བཟོས་པ་དང་། དངོས་ཐོག་བདེན་འཚོལ་ངང་རྣམ་གྲངས་ལག་བསྟར་བྱེད་ཐུབ་མིན་དཔྱད་དཔོག་བྱས་པ་དང་འབྲེལ་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་ཡང་བཏང་ཡོད་པ་རེད།

    2021ལོར་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཟངས་རི་གྲོང་ཚོར་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བསོད་ནམས་རྒོད་སྐྱེས་དང་ཚེ་རིང་དབང་འདུས་གཉིས་བཏང་བ་རེད། ཟངས་རི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཉམས་ཞན་གྱི་ཞན་ཆ་ནུས་ལྡན་སེལ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་ཟངས་རི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་བརྟག་ཞིབ་གཏིང་ཟབ་བྱས་པ་བརྒྱུད། སྙེ་མོ་རྫོང་དུ་གསོ་ཚགས་ར་བ་མང་བ་དང་གཟན་ཆག་གི་མ་གནས་ཅུང་མཐོ་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཟངས་རི་གྲོང་ཚོར་གཟན་ཆག་ཚབ་ཚོང་རྣམ་གྲངས་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།

    གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འབད་བརྩོན་འོག་ཟངས་རི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་2020ལོའི་སྒོར་ཁྲི་30ལྷག་ཙམ་ནས་2021ལོའི་སྒོར་ཁྲི་170ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།