[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལུང་ཁུག་གྲོང་ཚོ་ཞིག་གི་གཏམ་རྒྱུད་སྙན་མོ།

    —— ཕད་གྲོང་རྡལ་སྨོན་ལམ་གྲོང་ཚོའི་གནས་སྤོས་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བདེ་སྐྱིད་སྒྲོལ་དཀར། བཀྲ་ཤིས་དཔལ་སྐྱིད། ལྷ་དབང་ཚེ་འཕེལ། ཏུང་ཤིའུ་ལི། གྲགས་པ་དབང་ཆེན།    |    སྤེལ་དུས།   2019-11-10

    677225_yis_1573016406638_s.jpg

    འདི་ནི་སྨོན་ལམ་གྲོང་ཚོའི་གསར་དུ་བསྐྲུན་པའི་སྡོད་ཁང་ཡིན་པ། (གྲགས་པ་དབང་ཆེན་གྱིས་པར་བླངས)

    ཁྱིམ་གཞིས་གསར་པ།

    སྟོན་མཇུག་གི་ཀོང་ཡུལ་དུ་ཆར་པ་ཆུང་ངུ་འབབ་པ་ཕལ་ཆེར་རྒྱུན་གཏན་དུ་སྣང་། དེ་ཉིན་ཡང་ཆར་པ་སིམ་སིམ་ཞིག་འབབ་ཀྱིན་འདུག མདུན་ཕྱོགས་ཀྱི་ཡངས་ཤིང་སྣུམ་ཐིང་ཐིང་གི་སྨན་ཕད་གཞུང་ལམ་ཡར་ཀླུང་གཙང་པོ་དང་བསྡོངས་ཏེ་གྲོག་རོང་ཆེ་མོའི་ཕྱོགས་སུ་ངང་གིས་བསྲིངས་འདུག ང་ཚོ་བཅར་འདྲི་ཚོགས་ཆུང་གི་རླངས་འཁོར་རླུང་གི་རྟ་ཕོ་ཞིག་དང་འདྲ་བར་གཞུང་ལམ་དེ་དེད་ནས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོར་སླེབས་ལ་ཉེ་བའི་མཚམས་སུ་སླེབས། གནས་དེའི་རི་བོ་དག་ནི་སྨུག་སྤྲིན་གྱིས་གཡོགས་འདུག་ཅིང་། རི་གཤམ་དུ་ཁམ་སྡོང་དང་ཀུ་ཤུའི་སྡོང་པོ་སོགས་ལྗོན་ཤིང་སྣ་ཚོགས་ཀྱིས་ཁེངས། ལྗོན་ཤིང་སྟུག་པོའི་གསེབ་ཏུ་གྲལ་སྟར་འགྲིག་ལ་ཕྱིའི་བཀོད་པ་ལེགས་པའི་བོད་ཁྱིམ་རེ་རེ་ཁྲ་རྒྱན་གྱི་ཚུལ་དུ་གནས་པ་མཐོང་རྗེས། རླངས་འཁོར་དུ་ཡོད་པའི་མི་ཚང་མས་རང་ཉིད་འགྲོ་སའི་ཡུལ་དངོས་ཏེ། སྨོན་ལམ་གྲོང་ཚོར་སླེབས་པ་རྟོགས།

    སྨོན་ལམ་གྲོང་ཚོ་ནི་གནས་སྤོས་བྱས་པའི་གྲོང་གསར་ཞིག་ཡིན་ཞིང་། “ང་ཚོའི་གྲོང་ཚོ་རྙིང་པ་ནི་གྲོག་ཤུར་ཞིག་ཏུ་གནས་ཤིང་། ཡུལ་ལུང་གཞན་དང་འབྲེལ་འདྲིས་མེད་ལ། མི་རྣམས་ཀྱི་འཚོ་བའི་རྟེན་ས་གཙོ་བོའང་ཞིང་ལས་དང་ཕྱུགས་ལས་ཁོ་ན་རེད། ལོ་ལྟར་ཆར་ཆུ་འབེལ་བའི་ནམ་དུས་ཤར་རིམ་བཞིན་ང་ཚོའི་གྲོང་ཚོར་ཆུ་ལོག་ཐོན་སླ་པོ་ཡོད་པས། རྒྱུན་དུ་ས་ཞིང་དག་ཆུས་བསྣུབས། ཚབས་ཆེ་དུས་མང་ཚོགས་ཀྱི་ཁང་པའང་ཆུས་ཁྱེར་ཏེ་ང་ཚོར་གནོད་འཚེ་ཆེན་པོ་བཟོ་གི་ཡོད”ཅེས་གྲོང་ཚོ་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོའི་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་འཆི་མེད་རྡོ་རྗེས་ང་ཚོར་གྲོང་ཚོ་རྙིང་པའི་སྐོར་མདོ་ཙམ་ཞིག་འདི་ལྟར་ངོ་སྤྲོད་བྱས།

    དེ་ཡང་2015ལོར་ཆུ་ལོག་བྱུང་རྗེས། སྨན་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་ནས་ཆེད་མངགས་ལས་དོན་ཚོགས་ཆུང་ཞིག་སྨོན་ལམ་གྲོང་ཚོར་བཏང་སྟེ།

    གྲོང་ཚོའི་གནས་ཚུལ་དང་མང་ཚོགས་ཀྱི་བསམ་འདུན་ལ་རྟོག་ཞིབ་བྱས་མཐར་གྲོང་ཚོ་གསར་པ་ཞིག་བསྐྲུན་ཏེ་གནས་སྤོ་བྱ་རྒྱུའི་ཐག་བཅད། ལས་དོན་ཚོགས་ཆུང་གིས་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད། གྲོང་ཚོ་གསར་པ་སྐྲུན་ས་ད་ལྟའི་ས་རྒྱ་ཆེ་ཞིང་། ཁོད་སྙོམས་ལ། སྔོན་གྱི་གྲོང་ཚོ་དང་ཡང་ཐག་ཉེ་བ། ལྷག་པར་དུ་ཡུལ་སྐོར་བྱ་ཡུལ་གྱི་རྟེན་གཞི་འོས་པའི་ས་ཆ་འདི་བདམས་པ་རེད། 2017ལོའི་ཟླ་5པར། སྲིད་གཞུང་ནས་མ་དངུལ་སྒོར་ཁྲི་2274.72(མ་དངུལ་ཡོངས་ཀྱི་60%ཟིན་པ)བཏང་བ་དང་། མང་ཚོགས་རང་ཉིད་ཀྱིས་ཁྱོན་སྒོར་ཁྲི་325.28གྲབས་གསོག་བྱས་ཏེ་འབྱོར་འབྲིང་ལྡན་པའི་སྨོན་ལམ་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས་དངོས་སུ་འགོ་ཚུགས་པ་རེད།

    འབྱོར་འབྲིང་སྨོན་ལམ་གྲོང་ཚོ་གསར་དུ་སྐྲུན་སྐབས། ཡུལ་མིའི་འདོད་འདུན་ལྟར“འགྲོ་གྲོན་ཆུང་ཞིང་། སྤྱོད་གོ་ཆོད་པ། སྡོད་མལ་ལ་འཚམ་པ”བཅས་ཀྱི་འཛུགས་སྐྲུན་རྩ་དོན་གཞིར་བཟུང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་20ཙམ་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་གསར་རྐྱང་བསྐྲུན་པ་མ་ཟད། སྐྱིད་སྣང་དོད་པའི་ཁོར་ཡུག་གཏོད་པར་སྣང་ཆེན་གྱིས། ཁང་པའི་གཡས་གཡོན་གང་སར་སྔོ་ལྗང་ལྗོན་ཤིང་སྣ་ཚོགས་བཏབ། “རྣམ་གྲངས་འདི་2018ལོའི་ལོ་མཇུག་ཏུ་ལེགས་གྲུབ་ཟིན་ཞིང་། མིག་སྔར། མང་ཚོགས་རེ་རེ་བཞིན་དུ་སྡོད་ཁང་གསར་པར་གནས་སྤོ་བཞིན་འདུག་ལ། ད་ལོའི་ཟླ་11པར་སྤོས་ཚར་བའི་འཆར་གཞི་ཡོད”ཅེས་འཆི་མེད་རྡོ་རྗེས་བཤད།

    བྱ་གཞག་གསར་པ།

    གྲོང་ཚོ་གསར་པར་སྤོ་བ་ནི་མང་ཚོགས་རྣམས་དགའ་བར་འོས་པའི་བྱ་བ་ཞིག་ཡིན་མོད། འོན་ཀྱང་གྲོང་ཚོ་གསར་པར་སྤོས་རྗེས་འཚོ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་སྨོན་ལམ་གྲོང་ཚོའི་མང་ཚོགས་ཚོས་མནོ་བསམ་ཡང་ཡང་གཏོང་བའི་གནད་དོན་དུ་གྱུར། འབྱོར་འབྲིང་སྨོན་ལམ་གྲོང་གསར་སྐྲུན་དགོས་ཚེ། དཀའ་གནད་དང་འགྲན་སློང་དེ་དག་ངེས་པར་དུ་ཁྱད་བསད་བྱེད་དགོས། གྲོང་ཚོའི་ཏང་ཀྲི་པུས་མང་ཚོགས་ཚོའི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་མཐར། གྲོང་ཚོ་དེ་སྣོད་བཅུད་ཡུལ་སྐོར་མྱོང་རོལ་རྟེན་གཞིར་སྐྲུན་རྒྱུའི་ཐག་བཅད། གང་ལགས་ཤེ་ན་སྨོན་ལམ་གྲོང་གསར་འདི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོར་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་གཞུང་ལམ་གྱི་འཁྲིས་སུ་གནས་ཡོད་པས་རེད། “ང་ཚོས་གྲོང་ཚོའི་སྣོད་བཅུད་ཁྱད་ཆོས་ལ་གཞིགས་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོང་དང་རང་བྱུང་ཐོན་ཁུངས་བེད་སྤྱོད་ཟུང་འབྲེལ་གྱིས་ས་ཆུ་འཛོམས་ཤིང་མཁའ་རླུང་གཙང་བ་དང་། མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སྣོད་བཅུད་ཡུལ་སྐོར་གསར་སྐྲུན་དང་འཕེལ་རྒྱས་གཏོང་གི་ཡིན”ཞེས་འཆི་མེད་རྡོ་རྗེས་བཤད།

    ཉེ་བའི་ལོ་ཤས་རིང་། བོད་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ཞིང་། ཁྲོན་བོད་གཞུང་ལམ་གྱི་རྒྱུད་དུ་གནས་པའི་ཀོང་ཡུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཁྱད་དུ་འཕགས་པའི་རིག་གནས་ཀྱིས་ཡུལ་སྐོར་བ་རྣམས་ཀྱི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་པས། མི་རིགས་ཁྱད་ཆོས་ཀྱིས་ཕྱུག་པའི་ཁྱིམ་ཚང་མགྲོན་ཁང་ནི་ཡུལ་སྐོར་བ་ཚོས་ཡུལ་དེ་གའི་མང་ཚོགས་ཀྱི་འཚོ་བ་དང་རིག་གནས་ལ་མྱོང་རོལ་བྱེད་སའི་རྟེན་གཞིར་གྱུར་པས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། ཚུལ་དེར་འཆི་མེད་རྡོ་རྗེས“ལོ་ལྟར་གྲོག་རོང་ཆེ་མོར་འགྲོ་མཁན་གྱི་ཡུལ་སྐོར་བ་ཧ་ཅང་མང་པོ་འདུག ང་ཚོ་དང་པོ་གྲོང་གསར་དུ་སྤོས་མ་ཐག་མགྲོན་ཁང་ཡོད་མེད་ཀྱི་གནས་ཚུལ་འདྲི་མཁན་མང་པོ་འདུག”ཅེས་བཤད། ཞིང་ཁྱིམ་དག་མགྲོན་ཁང་དུ་བསྒྱུར་བ་དང་། གྲོང་ཚོ་མཛེས་ལྗོངས་ཁུལ་དུ་བསྒྱུར་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བ་ནི་སྨོན་ལམ་གྲོང་ཚོའི་ཡུལ་བབ་དང་དེ་གའི་གྲོང་མི་རྣམས་ཀྱི་ཡུན་རིང་གི་འཚོ་ཐབས་དང་པོ་ཡིན་ཞིང་། གྲོང་ཚོའི་ཁྱིམ་དུད་20ལས་ཁྱིམ་དུད་རེ་རེ་ནས་ཁང་མིག་2རེ་མགྲོན་ཁང་དུ་བཟོས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྐྲུན་པར་གྲོས་འཆམ་བྱས། “ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཏེ་ཁྱིམ་ཚང་མགྲོན་ཁང་མཐའ་དག་ད་ལྟ་བཟོ་བཞིན་པའི་སྒང་ཡིན་ལ། གསར་བཟོའི་མ་དངུལ་ཡོད་ཚད་སྲིད་གཞུང་ནས་བཏང་ཞིང་། ད་ལོའི་ལོ་མཇུག་ཏུ་ལེགས་གྲུབ་ཟིན་པར་བྱས་ནས། དུས་སང་དཔྱིད་ཀ་ཁམ་བུའི་མེ་ཏོག་བཞད་པའི་དུས་སུ་ཁྱིམ་ཚང་མགྲོན་ཁང་གཉེར་འགོ་འཛུགས་ཀྱི་ཡིན”ཞེས་འཆི་མེད་རྡོ་རྗེས་དགའ་ཚོར་ཆེན་པོས་གསལ་བཤད་བྱས། ཤེས་རྟོགས་བྱུང་བ་ལྟར་ན། ཕྱིས་སུ་སྨོན་ལམ་གྲོང་ཚོས་ད་དུང་གསོ་སྦྱོང་འཛིན་གྲྭ་གཉེར་ནས། གྲོང་ཚོའི་མང་ཚོགས་ལ་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་ཐབས་དང་། ཞབས་འདེགས། མ་བྱན་གྱི་ལག་རྩལ་སོགས་བསླབས་ཏེ། གྲོང་ཚོ་མཉམ་སྡེབ་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་རུ་གཏོང་རྩིས་ཡོད་པ་རེད།

    ཡིད་འོང་འདུན་པ།

    དཔྱིད་དུས་ཀྱི་སྨོན་ལམ་གྲོང་ཚོ་ནི་ཁམ་བུའི་མེ་ཏོག་གི་ཞིང་ཁམས་ལྟ་བུར་སྣང་། རྣམ་པར་བཞད་པའི་ཁམ་སྡོང་མཐའ་དག་ཞིང་ཁའི་ཚིགས་ཀར་སྐྱེས་ཤིང་གྲོང་ཚོ་ཧྲིལ་པོ་མཛེས་པར་བརྒྱན། མི་ཚང་སོ་སོའི་སྒོ་ར་མེ་ཏོག་གིས་བསྐོར། གལ་སྲིད་ཁྱེད་རྣམས་ཞིང་ཁའི་ཚིགས་ཁར་ལྷོད་ཀྱིས་བསྐྱོད་ཚེ། ཁམ་བུའི་མེ་ཏོག་གི་ཚོམ་བུ་དག་གསལ་བར་མཐོང་ཞིང་། གསར་དུ་འབུས་པའི་མེ་ཏོག་དམར་སྐྱ་རྣམ་པར་དགོད་ཅིང་ཞིམ་མངར་དྲི་བསུང་འཐུལ་བས། གང་དེར་ཉི་མ་ནུབ་རིའི་རྩེ་ལ་ནུབ་པའང་མ་ཚོར། གཞན་ཡང་ཉེ་འཁོར་དུ་ད་དུང་ཆལ་ཆིལ་དུ་འབབ་པའི་ཆུ་མོ་ཡར་ཀླུང་གཙང་པོ་དང་། དེ་ལས་བྱུང་བའི་གྲོག་རོང་ཆེ་མོ། རྒྱང་རིང་གི་མཐོང་ལམ་དུ་ད་དུང་རྔམ་བརྗིད་ལྡན་པའི་གནམ་ལྕགས་འབར་བ་སོགས་ཀྱིས་རང་ཉིད་ཉམས་སུ་དགའ་བའི་ལྷ་ཡུལ་གྱི་སྐྱེད་ཚལ་དུ་སླེབས་པ་ལྟ་བུའི་སྣང་བ་ཞིག་ངང་གིས་སྦྱིན་ནུས། “སྨན་གླིང་རྫོང་སྲིད་གཞུང་གི་གཟིགས་སྐྱོང་འོག ང་ཚོས་གཙང་པོའི་ངོགས་སུ་ཀུ་ཤུའི་སྡོང་ཕྲུག་མུའུ་300བཏབ་ནས་ཀུ་ཤུའི་རྟེན་གཞི་སྤུས་དག་ཅིག་བཙུགས་ཡོད་པ་དང་། མ་འོངས་བར་ཤིང་འབྲས་དང་མེ་ཏོག་གི་ལྡུམ་ར་དང་། ཚལ་ཞིང་བཅས་ཀྱིས་གཙོ་བོ་བྱས་ཏེ། ཡུལ་སྐོར་བ་ཚོར་ཞིང་ཁྱིམ་གྱི་འཚོ་བ་ཉམས་སུ་མྱོང་བའི་ཁོར་ཡུག་ཅིག་བཏོད་ནས། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་། གྲོང་ཚོར་ད་དུང་རིག་རྩལ་འཁྲབ་སྟོན་རུ་ཁག་ཅིག་བཙུགས་ནས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དང་། དེ་བས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཡུལ་སྲོལ་རིག་གནས་ཀྱིས་རྨང་གཞི་བཏིངས་ཏེ། ཡུལ་སྐོར་བ་དེ་བས་མང་པོ་མགྲོན་དུ་བསུ་རྒྱུ་ཡིན་པས། གནས་སྤོས་པའི་གྲོང་གསར་འདི་འཕེལ་རྒྱས་ཡག་པོ་ཡོང་བར་ཡིད་ཆེས་ཡོད”ཅེས་འཆི་མེད་རྡོ་རྗེས་གདེང་ཚོད་ཡོད་པའི་ངང་ནས་བཤད།

    རེད་ཨང་། སྐད་ཆ་འདི་དག་ཐོས་ཤིང་རྣམ་པ་འདི་དག་མཐོང་རྗེས། མི་འགྱངས་བར་མཚར་སྡུག་རྣམ་པར་བཀྲ་ཞིང་སྐྱེ་སྟོབས་དང་རེ་བས་ཕྱུག་པའི་སྨོན་ལམ་གྲོང་གསར་ཞིག་ང་ཚོའི་མིག་ལམ་དུ་འཆར་རྒྱུ་ཡིན་པར་ཡིད་ཆེས་ཀྱིས་ཁེངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།