[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཁྲོན་བོད་མཉམ་ལས་བྱས་ནས་བོད་ལྗོངས་ཀྱི་ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-04

    676157_yis_1572758017189.jpg

    འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་པ་གྲོང་ཚོའི་གྲོང་མིས་ཤིང་ཏོག་ལྡུམ་རའི་ནང་ཀུ་ཤུ་འཐུ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་ཀྱི་ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་དཔེ་སྟོན་གྱི་ཡུལ་དངོས་ཀྱི་ཚོགས་འདུ་དང་ལག་རྩལ་གསོ་སྦྱོང་ཚོགས་འདུ་དེ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀུ་ཤུ་ལྡུམ་རའི་འགྲམ་དུ་འཚོགས་པ་རེད།

    2014ལོར། བོད་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན་གྱིས་ཞིང་འབྲོག་ཚན་རྩལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་མཉམ་ལས་དམ་ཟབ་འོག བོད་ལྗོངས་ཀྱི་ཀུ་ཤུ་ཐོན་ལས་འཕེལ་རྒྱས་ཐད་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། བྱེད་སྟངས་གསར་པ་བཅས་ཁྱབ་སྤེལ་བེད་སྤྱོད་བྱས་པ་རེད། མིག་སྔར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་འདེབས་འཛུགས་དཔེ་སྟོན་རྟེན་གཞི་8བཙུགས་ནས། རིམ་རྩིས་བརྒྱབ་ན་མུའུ་ཁྲི་3.5ཡན་ལ་དཔེ་སྟོན་ཁྱབ་གདལ་བཏང་ཡོད་པ་རེད།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་3100ཟིན་པའི་ཉིང་ཁྲི་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་ཤིང་ཏོག་སྐམ་པོ་དང་སོས་པའི་རིགས་ཀྱི་ཐོན་སྐྱེད་རྟེན་གཞི་གཙོ་བོ་རེད། འོན་ཀྱང་དུས་ཡུན་རིང་པོའི་སྲོལ་རྒྱུན་གྱི་ཀུ་ཤུ་འདེབས་འཛུགས་ཀྱི་ལས་ཕྱོད་ཆུང་བ་དང་། ཐོན་འབབ་དམའ་བ། སྤུས་ཚད་ཞན་པ་བཅས་ནི་བོད་ལྗོངས་ཀྱི་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཀྱི་འཇུར་མིག་ལྟ་བུར་གྱུར་ཡོད། ད་ཆ། ཁྲོན་བོད་ཀྱི་ཞིང་ལས་ཚན་རིག་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་སྤུས་ལེགས་འབྲས་ཤིང་ནང་འདྲེན་དང་། ལག་རྩལ་འགག་སྒྲོལ། “ཐོན་ལས་ལག་རྩལ་ལས་སྟེགས+དཔེ་སྟོན་རྫོང+རྟེན་གཞི+འདེབས་འཛུགས་དུད་ཆེན(ཆེད་ལས་མཉམ་ལས་ཁང)”གྱི་བེད་སྤྱོད་ཁྱབ་གདལ་གཏོང་སྟངས་གསར་གཏོད། ཤེས་ལྡན་པ་གསོ་སྦྱོང་སོགས་ཀྱི་ཐབས་ལམ་བརྒྱུད། ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་བྱེད་སྟངས་བཏོད་པས། སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་དང་བསྡུར་ན། ལུད་50%དང་། ངལ་ནུས་65% ས་ཞིང་55%བཅས་གྲོན་ཆུང་ཐུབ་པ་མ་ཟད། ད་དུང་ཐོན་འབབ་ལྡབ་བཞི་ཡས་མས་འཕར་ཡོད་པ་རེད།

    “ད་ཆའི་འབྲས་ཤིང་ལྡུམ་ར་འདི་ནི་རིགས་གཅིག་མཁས་ཅན་དང་ས་གནས་དེ་གའི་ཚན་རྩལ་པའི་ཐུན་མོང་གི་འབད་བརྩོན་འོག་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་བརྒྱུད། བོད་ལྗོངས་ཀྱི་ཤིང་ཏོག་ཐོན་ལས་ཀྱིས་མཚོན་བྱེད་དུ་བྱས་པའི་འདེབས་འཛུགས་ཀྱི་ཆུ་ཚད་རིམ་པ་གཅིག་མཐོ་རུ་བཏང་བ་མ་ཟད། གོམ་སྟབས་རྗེས་མའི་ཞིང་ལས་ཁྱབ་ཁོངས་ཀྱི་མཉམ་ལས་གཞན་དག་ལ་ཡང་སྣེ་ཡག་པོ་ཞིག་ཁྲིད་ཡོད”ཅེས་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་མུའུ་ཅིན་དབྱི་ཡིས་བརྗོད་པ་རེད།

    ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་བྱས་པ་ལས་བོད་ལྗོངས་ཀྱི་ཀུ་ཤུ“རིམ་སྤོར”བྱུང་བ་མ་ཟད། ད་དུང་ཞིང་པ་འབབ་འཕར་ཕྱུག་འགྱུར་བྱ་རྒྱུར་ཡང་ཐབས་ལམ་གསར་པ་ཞིག་བཏོད་ཡོད། “ཀུ་ཤུ་འདེབས་འཛུགས་ཐོན་ལས་ཚད་ལྡན་ཅན་མངོན་འགྱུར་བྱུང་རྗེས། ང་ཚོའི་རྫོང་གི་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་ཡོང་རྒྱུར་ཕན་པ་ཆེན་པོ་ཡོད། ས་ཞིང་བརྒྱུད་བཤུག་གི་ཕན་འབྲས་དང་། འབྲས་ཤིང་ལྡུམ་རའི་ལས་མི་བྱེད་པ། ཁེ་སྤོགས་བགོ་འགྲེམས་སོགས་ཞིང་པའི་འབབ་འཕར་ཐབས་ལམ་སྔར་བས་མང་དུ་ཕྱིན་ཡོད། གཞན་ཡང་ཞིང་པ་ཚོས་ཀྱང་འདེབས་འཛུགས་ཀྱི་ལག་རྩལ་གསར་པ་དང་འདུ་ཤེས་གསར་པ་ཤེས་ཡོད། ལག་རྩལ་ཤེས་པ་ནི་ཁོང་ཚོར་མཚོན་ན། ཡང་བསྐྱར་འགན་ལེན་ཞིག་མང་དུ་ཕྱིན་པ་ཞིག་ཡིན”ཞེས་སྨན་གླིང་རྫོང་གི་རྫོང་དཔོན་ཚེ་དབང་ཉི་མས་བརྗོད་པ་རེད།

    ཚོགས་འདུ་གྲོལ་རྗེས། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་སོགས་ཀྱི་ཀུ་ཤུ་ཐོན་ལས་དོ་དམ་དང་འདེབས་འཛུགས་ལག་རྩལ་པ་20ལྷག་ཙམ་གྱིས་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་ཚོའི་ཡུལ་དངོས་ཀྱི་གསོ་སྦྱོང་དང་ལེན་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།