[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལོ་སྟོད་ཀྱི་བོད་ལྗོངས་ཞིང་འབྲོག་ལས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    འདི་ལོའི་ལོ་སྟོད་དུ། རང་ལྗོངས་ཀྱིས་ནས་ཞིང་མུའུ་ཁྲི་208.78བཏབ་པ་དེ་དུས་མཚུངས་ལས་མུའུ་ཁྲི་5.56འཕར་བ་ལས། ནས་ཀྱི་སོན་བཟང་མུའུ་ཁྲི་192.94ཁྱབ་གདལ་བཏང་ཞིང་། “ཧི་མ་ལ་ཡ་ཨང་22རྟགས་ཅན”ཁོ་ནའི་འདེབས་ཁྱོན་མུའུ་ཁྲི་100.85ཟིན་ཡོད། སྒོ་ཕྱུགས་མགོ་གྲངས་ཁྲི་91.8བཤས་བཏང་བ་དུས་མཚུངས་ལས་13.97%འཕར་བ་དང་། ཤ་ཐོན་ཚད་ཏུན་ཁྲི་4.85ཟིན་པ་དུས་མཚུངས་ལས་2.75%འཕར་བ། དཀར་ཆུའི་ཐོན་འབབ་ཏུན་ཁྲི་16.33ཟིན་པ་དུས་མཚུངས་ལས་34.29%འཕར་ཡོད།

    ཞིང་ལས་གྲོང་གསེབ་ལས་དོན་ཏན་ཏིག་སྤེལ་བ་དེས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་ཐེབས་ཤིང་། ལོ་སྟོད་དུ་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་12.5%འཕར་ནས་སྒོར་4009ཟིན་བཟོ་ཡོད་པ་དང་། དེ་དང་ཆབས་ཅིག ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཞིང་འབྲོག་པ་ཁྲི་22.08དབུལ་སྒྲོལ་ཐུབ་བཟོ་ཡོད།

    འཕེལ་རྒྱས་ཀྱི་ཕན་འབྲས་མཐོ་རུ་བརྟན་པོ་ཕྱིན་པ།

    འདི་ལོའི་ཟླ་དང་པོའི་ཟླ་མཇུག་ཏུ། ཞིང་ལས་གྲོང་གསེབ་པུའུ་འབྱུང་འཕྲོད་བཟའ་བཅའ་དོ་དམ་གཞུང་ལས་ཁང་དང་ཀྲུང་གོ་འབྱུང་འཕྲོད་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་དཔྱད་ཞིབ་ནན་པོ་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྒྱལ་ཡོངས་འབྱུང་འཕྲོད་བཟའ་བཅའི་མ་བཅོས་རྒྱུ་ཆ(ནས)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིར་ཆོག་མཆན་ཐོབ་ནས་གསར་འཛུགས་ཀྱི་དུས་མཚམས་སུ་སླེབས་པ་དང་། དེའི་རྒྱ་ཁྱོན་མུའུ་ཁྲི་5ཟིན་ཡོད། རྟེན་གཞི་བསྐྲུན་རྗེས། རྒྱལ་ཡོངས་ཀྱི་འབྱུང་འཕྲོད་བཟའ་བཅའ་ལས་སྣོན་ཁེ་ལས་ལ་མ་བཅོས་རྒྱུ་ཆ་མཁོ་འདོན་བྱས་ཏེ། བོད་ཀྱི་ནས་ཀྱི་ཐོན་ལས་རྩེར་སོན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་རྒྱུ་རེད།

    ལོ་སྟོད་དུ། རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཞིང་། ཞིང་འབྲོག་ལས་འཛུགས་སྐྲུན་རྣམ་གྲངས་ཀྱི་སྒོར་དུང་ཕྱུར་21.68དང་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་ཞིང་ལས་ཀྱི་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར་59.98དོན་འཁྱོལ་བྱས་པ་དང་། ཆེད་ལས་ཞིང་པ་གསར་པ་4807སྐྱེད་སྲིང་བྱས་པ། ཞིང་འབྲོག་པ་900ལ་རྩལ་ནུས་གསོ་སྦྱོང་བྱས་པ། གོ་ཆོད་ཤེས་ལྡན་པའི་སྣེ་ཁྲིད་པ་དང་གྲོང་དཔོན་སློབ་གྲྭ་ཆེ་མོ་བ་200དཔེ་སྟོན་གསོ་སྦྱོང་བྱས་ཏེ་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྤེལ་ཡོད།

    ཐོན་ལས་འཕེལ་རྒྱས་བརྟན་ལ་གོ་རིམ་ལྡན་པ།

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་དང་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་2019ལོའི་ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་འཛུགས་སྐྲུན་གྱི་མིང་ཐོའི་ནང་ཚུད་ནས་རྒྱལ་ཁབ་ཀྱི་རོགས་སྐྱོར་ཐོབ་ཡོད། དེས་ལས་ཀ་གཙོ་བོ་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ལས་རིགས་གཞན་དག་དར་སྤེལ་གཏོང་བ། སྡོད་མལ་དང་ལས་ཀར་འཚམ་པའི་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་གཏོད་པ། ལས་ཞུགས་ལས་གནས་གྲོང་གསེབ་ཏུ་འཇོག་པ། ཞིང་པའི་འབབ་འཕར་ཕྱུག་འགྱུར་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

    འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ཏེ། ཁྲེང་ཀོན་ཆུས་ཀྲེ་ཀྲའོ་ཐོན་ལས་གླིང་དང་འདམ་གཞུང་རྫོང་གི་འབྲི་གཡག་དེང་རབས་ཞིང་ལས་ཐོན་ལས་གླིང་རང་སྐྱོང་ལྗོངས་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་ལ་བདམས་པ་དང་། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ས་ཁུལ་དབུལ་པོའི་ཞིང་ལས་ཐོན་རྫས་ཐོན་ཚོང་འབྲེལ་མཐུད་ཀྱི་བྱེད་སྒོ་སོགས་སྤེལ་ཡོད། དེ་དང་ཆབས་ཅིག ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང“ཁོག་སྟོང”ལ་ཆེད་དོན་གཙང་སེལ་བྱས་ནས་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། དཔེ་སྟོན་ཁང་བཅས་དཔྱད་འདེམས་གཏན་འཁེལ་གྱི་ལས་དོན་ལ་སྐུལ་འདེད་བཏང་ཡོད། མིག་སྔར། ལྗོངས་ཡོངས་སུ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་144དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་9174 ཁྱིམ་ཚང་ཞིང་ར་དང་འབྲོག་ར་138བཅས་ཡོད།

    སྒྱུར་བཅོས་ཀྱི་འཕེལ་རིམ་སྤྱི་ཡོངས་བརྟན་པོ་ཡོད་པ།

    ཟླ་3ཚེས་5ཉིན། ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་དང་རྒྱུ་དངུལ་གཙང་བཤེར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། གསར་འགོད་པར་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས་2019ལོར་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་བཤེར་གྱི་ལས་དོན་ལེགས་གྲུབ་ཟིན་པ་བྱ་རྒྱུ་དང་། 2021ལོར་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གྱི་རྐང་དབང་འགན་ནུས་སྒྱུར་བཅོས་ཟིན་པ་བྱ་རྒྱུ་རེད།

    འདི་ལོ་ནས་བཟུང་། རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། རྫོང(ཆུས)27གྱི་རྒྱུ་ནོར་གཙང་བཤེར་གྱི་ལས་དོན་སྤྱིའི་ཆ་ནས་ཚར་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་རྩིས་ཁྲའི་ཐོག་གི་རྒྱུ་ནོར་སྒོར་དུང་ཕྱུར་126.53གཙང་སེལ་བྱས་པ། རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་རྫོང་8གསར་དུ་བསྣན་ནས་ཚོད་ལྟའི་རྫོང་10ཡོད།

    དེ་དང་ཆབས་ཅིག གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་དང་ཐོ་འགོད་ལག་ཁྱེར་སྤྲོད་པའི“ཕྱིར་མིག་ལྟ་བ”དང་མཇུག་བསྡུ་བའི་ལས་དོན་སྤེལ་བས། ལག་ཁྱེར་སྤྲོད་ཚད་99%ཡན་ཟིན་ཡོད། སྤྱི་ཡོངས་ནས་བཤད་ན། རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ལས་དོན་ཁག་གི་འཕེལ་རིམ་སྤྱིར་ན་བརྟན་པོ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།