[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གྲོང་ཚོ་ནས་ཐོན་མི་དགོས་པར་བྱ་བ་མང་པོ་ཞིག་སྒྲུབ་ཐུབ་པ།

    —— སྨར་ཁམས་རྫོང་ལ་འོག་གྲོང་ཚོས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་བེད་སྤྱོད་ནུས་ལྡན་བྱས་པའི་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-31

    རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་གནས་པའི་སྨར་ཁམས་རྫོང་རོང་མི་གྲོང་རྡལ་ལ་འོག་གྲོང་ཚོ་ནི་ལ་འོག་རི་གཤམ་དུ་གནས་ཡོད་ཅིང་། 2018ལོའི་ཟླ་3པར་ཁྱོན་མ་དངུལ་སྒོར་ཁྲི་350བཏང་བའི་ལ་འོག་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོ་ལྟེ་གནས་སྐྲུན་འགོ་ཚུགས་པ་དང་། ཟླ་8པར་སྐྲུན་ཟིན་ནས་ཟླ་11པའི་ཟླ་མཇུག་ཏུ་སྤྱོད་འགོ་ཚུགས་ཡོད།

    བྱེད་སྒོ་ལྟེ་གནས་ཧྲིལ་པོ་རྒྱལ་ལམ་318ལ་ཁ་ཕྱོགས་པ་དང་དེའི་ནང་དམངས་ཕན་སྒོ་རྩིས་ཚོང་ཁང་དང་། “གཅེས་སེམས་ས་ཚུགས” འཕྲོད་བསྟེན་ཁང་བཅས་ཡོད་པ་དེ་དག་གིས་མི་རྣམས་ཀྱི་ཡིད་དབང་བཀུག་ཡོད།

    ལ་འོག་གྲོང་ཚོས་འདེམས་གཏོང་བྱས་པའི་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཙའེ་ཆོན་གྱིས་གསར་འགོད་པར“གཅེས་སེམས་ས་ཚུགས”སུ་རྐང་འཁོར་ལ་ཕུ་རྒྱག་པ་དང་ལྷན་པ་རྒྱག་ཆས་དང་། ངལ་གསོ་རྒྱག་སའི་སྒྲོག་ཙེ་དང་རྐུབ་སྟེགས། བརྙན་འཕྲིན། ཁ་པར་གྱི་གློག་གསོག་ཡོ་ཆས། ཆུ་འཁོལ། ཤོག་ཕོར་སོགས་ཡོད། རྒྱུན་དུ་གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་རེས་མོས་ངང་དོ་དམ་ཞབས་ཞུའི་ལས་དོན་སྒྲུབ་ཀྱི་ཡོད། བོད་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་སླེབས་རྗེས་ས་ཚུགས་སུ་ངལ་གསོ་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད་པ་མ་ཟད། རྐང་འཁོར་བཞོན་མཁན་དང་རྐང་ཐང་མའི་ཡུལ་སྐོར་བས་ས་ཚུགས་དེར་ངལ་གསོ་རྒྱག་གི་ཡོད། ཟླ་6པའི་ཟླ་འགོ་བར“གཅེས་སེམས་ས་ཚུགས”ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་3000ལྷག་ཙམ་ལ་སྣེ་ལེན་ཞུས་པས་དམངས་ཕན་ཞབས་ཞུའི་སྒོ་རྩིས་ཚོང་ཁང་ལ་འབབ་འཕར་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད།

    གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་བསོད་ནམས་ཚེ་རིང་གིས་ཡུལ་སྐོར་བའི་བློ་འདྲི་དང་ལེན་བྱེད་བཞིན་ཡོད་ཅིང་། གྲོང་ཚོའི་སྨན་པ་བྱས་ནས་ལོ་35སོང་བའི་བསོད་ནམས་ཚེ་རིང་གིས་མང་ཚོགས་ཚོ་དང་ཅི་འཕྲོས་མོལ་འཕྲོས་ཀྱིས“སྔོན་ཆད་ཁྱིམ་དུ་མང་ཚོགས་ལ་ནད་གཞི་ལྟ་སྐབས་དང་བསྡུར་ན་ད་ཆ་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། མིག་སྔར་འཕྲོད་བསྟེན་ཁང་ལ་རྒྱུན་སྡོད་གྲོང་ཚོའི་སྨན་པ་2དང་། གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཚོས་གཟའ་འཁོར་རེར་ཉིན་རེ་མཛུབ་ཁྲིད་བྱེད་པར་ཡོང་གི་ཡོད་པས་འཆམ་པ་རྒྱག་པ་དང་། གློ་རྒྱག་པ། ཚ་བ་རྒྱས་པ་སོགས་རྒྱུན་མཐོང་གི་ནད་རིགས་ཚང་མ་བཅོས་ཐུབ་ཀྱི་ཡོད”ཅེས་བརྗོད།

    ཝང་ཙའེ་ཆོན་གྱིས“བྱེད་སྒོ་ལྟེ་གནས་བསྐྲུན་ཚུན་ང་ཚོའི་གྲོང་ཚོས་ཐོག་མཐའ་བར་གསུམ་དུ་བེད་སྤྱོད་ནུས་ལྡན་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་ཀྱིས‘རང་བཞིན་བཞི་དང་ཅན་གསུམ’འཛུགས་སྐྱོང་བྱ་རྒྱུ་གཞི་འཛིན་སར་བྱེད་པ་དང་། ‘གཡུལ་ས་བརྒྱད’གཏོད་རྒྱུ་དམིགས་ཚད་དུ་བྱས་ནས་བྱེད་སྒོ་ལྟེ་གནས་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི‘བློ་རིག་དང་། བསམ་བློ། སེམས་འབྲེལ། རོལ་རྩེད། ཞབས་ཞུ་བཅས་གཅིག་ཏུ་འདུས་པའི’ཁྱིམ་གཞིས་ཤིག་ལ་འགྱུར་བ་བྱས་ཡོད་ཅེས་བརྗོད་པ་དང་། ཁོང་གིས་མིག་སྔར་བྱེད་སྒོ་ལྟེ་གནས་གཙོ་བོ་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་ཁུལ་དང་། སྲིད་འཛིན་གཞུང་ལས་ཁུལ། འཚོ་བའི་ཁུལ་བཅས་ཁག་གསུམ་ལ་དབྱེ་ཡོད། རིག་གནས་དང་རོལ་རྩེད་ཀྱི་སྒྲིག་ཆས་ཚང་མའི་ནང་གྲོགས་པོ་ཆུང་ཆུང་ཚོས་དགའ་ཤོས་བྱེད་ས་ནི་དཔེ་ཀློག་ཁང་དང་ཚན་རིག་ཁྱབ་གདལ་ཚོད་ལྟ་ཁང་རེད། དཔེ་ཀློག་ཁང་ནང་ཁོང་ཚོས་དགའ་ཤོས་བྱེད་པའི་བྱིས་པའི་སྒྲུང་གཏམ་གྱི་དཔེ་རིས་ཡོད་ལ་ཚན་རིག་ཁྱབ་གདལ་ཚོད་ལྟ་ཁང་དུ་དོན་སྙིང་ལྡན་པའི་བརྡར་ཤུགས་དང་མྱུ་གུ་སྐྱེ་ཚུལ་སོགས་ཚན་རྩལ་འགྲེམས་དངོས་ཀྱང་མཐོང་རྒྱུ་ཡོད་ཅེས་བརྗོད།

    བྱེད་སྒོའི་ལྟེ་གནས་སྤྱོད་འགོ་བཙུགས་ཚུན། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་དོན་གྲོས་ཁང་དང་ཤེལ་ཁང་སོགས་བྱེད་སྒོ་སྤེལ་ཡུལ་བེད་སྤྱོད་ཧུར་ཐག་བྱས་ཏེ“གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ལས་ཀའི་བྱེད་ཐབས་དང་། གྲོང་དོན་ལྟ་སྐུལ་ལམ་སྲོལ། མཉམ་འདྲེས་ནུས་ལྡན་བྱས་པའི“ཡོངས་བསྒྲགས་ཅན”གྱི་གྲོང་དོན་དོ་དམ་བྱེད་སྟངས་བཅས་ཁྱབ་སྤེལ་གཏོང་བ་དང་། གཏམ་གླེང་བྱེད་ཐབས་རྒྱ་ཆེར་གཏོང་བ། དམངས་ཀྱི་བློ་གྲོས་གཅིག་ཏུ་འདུ་བ། “ཐབས་ཤེས་ཡག་ཤོས”འདོན་པ་བཅས་བྱས་ནས“རྙིང་ཆེ་དཀའ”གསུམ་གྱི་གནད་དོན་ཐག་གཅོད་བྱས་ཡོད། འདི་ལོ་ཚུན་དུ་གྲོས་ཚོགས་ཐེངས་10ལྷག་ཙམ་འཚོགས་ཏེ་གྲོང་ཚོ་རིམ་པའི་དོན་དག་50ལྷག་ཙམ་ལ་དམངས་གཙོའི་ཐབས་ཇུས་བཏོན་ནས་འཕེལ་རྒྱས་ཀྱི་དཀའ་གནད་20ལྷག་ཙམ་བསལ་ཡོད།

    ད་ཆ་ལ་འོག་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོའི་ལྟེ་གནས་ཀྱིས་མི་སེམས་གཅིག་ཏུ་འདུས་པ་མ་ཟད། དེ་ནི་ཏང་ཡོན་དང་མང་ཚོགས་ཚོ་སླེབས་རྗེས་འབྲལ་མི་ཕོད་པ་དང་སླར་ཡང་ཡོང་འདོད་པའི“དྲོ་སྐྱིད་ཁང”ཞིག་ཏུ་གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།