[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཁང་དམར་རྫོང་ཀ་ལ་ཤང་གིས།

    གྲོང་སྲོལ་དམངས་ཆིངས་བཟོ་བཅོས་བརྒྱབ་པས་གྲོང་ཚོའི་ཕྱོགས་གང་སར་འཕོ་འགྱུར་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-31

    རེས་གཟའ་ཟླ་བའི་སྔ་དྲོའི་ཆུ་ཚོད་བཅུ་པར་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་སྲིད་གཞུང་དུ་གྲོང་མི་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ། སྐར་ལྔའི་དར་དམར་བསྒྲེང་བའི་ཕྱོགས་སུ་བསྟས་ནས་མཉམ་དུ་སྐད་གསང་མཐོན་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ》ལེན་གྱི་ཡོད།

    “རྒྱལ་དར་བསྒྲེང་བ་དང་རྒྱལ་གླུ་ལེན་རྒྱུ”དེ་ནི་ཀ་ལ་ཤང་གི་གཟའ་འཁོར་རེའི་དོན་ཆེན་ཨང་དང་པོ་ཡིན་ལ། 《ཀ་ལ་ཤང་གི་ཤང་སྲོལ་དམངས་ཆིངས》ཀྱི་དོན་ཚན་དང་པོ་ཡང་ཡིན།

    ཀ་ལ་ཤང་དུ་མི་ཚང་ཡོད་སར་སྐར་ལྔའི་དར་དམར་ཡོད་པ་དང་། མི་ཚང་ཚང་མའི་ཐོག་ཁ་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷུབ་ལྷུབ་ཏུ་གཡོ་བཞིན་ཡོད།

    སྔོན་ཆད་ཇི་ལྟར་བྱས་ནས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་རྩ་ཐང་དོ་དམ་བྱས་ནས་འབྲོག་ལས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་རྒྱུ་ནི་དཀའ་གནད་ཅིག་རེད།

    “རྩྭ་རའི་རྩོད་གཞི་དང་གཞན་གྱི་རྩྭ་ཁར་ཕྱུགས་འཚོ་བའི་སྣང་ཚུལ་ཡང་སེ་ཐོན་གྱི་ཡོད། དེ་དུས་ཚད་ལྡན་གྱི་ཡིག་ཐོག་ཏུ་འཁོད་པའི་གཏན་འབེབས་མེད་སྟབས་མང་ཚོགས་དབར་སྐད་ཆ་བྱས་ནས་རྙོག་དྲ་སེལ་ཐབས་བྱེད་ཀྱི་ཡོད”ཅེས་ཁང་དམར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀ་ལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་རྒོད་སྐྱེས་ཀྱིས་གསར་འགོད་པར་བརྗོད་བྱུང་།

    ཚད་ལྡན་གྱི་ཡིག་ཐོག་ཏུ་འཁོད་པའི་གཏན་འབེབས་ཞིག་བཟོ་ཆེད། ཚེ་རིང་རྒོད་སྐྱེས་ཀྱིས་ཤང་ཏང་ཨུད་ཚན་ཁག་གི་སྣེ་འཁྲིད་དེ། བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། གཏན་འབེབས་ཁག་40ལྷག་ཙམ་བཟོས་པ་དེ་ནི《ཀ་ལ་ཤང་གི་ཤང་སྲོལ་དམངས་ཆིངས》ཀྱི་མ་ཟིན་ཐོག་མ་དེ་རེད།

    2018ལོར་ལྗོངས་ཡོངས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་སྐབས། ཀ་ལ་ཤང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཤུགས་ཆེན་གཏོང་བ་དང་། “མེད་པ་དྲུག”(ཤང་དུ་ཐ་མག་འཐེན་མཁན་མེད་པ་དང་། རྒྱན་པོ་འགྱེད་མཁན་མེད་པ། ར་བཟི་སྐྱུར་གོང་ཤོད་མཁན་མེད་པ།

    རྐུན་མ་མེད་པ། འགལ་ཟླ་དང་རྩོད་གཞི་མེད་པ། གོང་ཞུ་བྱེད་མཁན་མེད་པ)ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་ནང་དོན་ཤང་སྲོལ་དམངས་ཆིངས་ནང་བཅུག་པས། དོན་ཚན་92བར་མང་དུ་ཕྱིན་ཏེ། ཞིབ་ཕྲ་ཅན་དང་བཀོལ་སྤྱོད་ཐུབ་པའི་གྲོང་སྲོལ་དམངས་ཆིངས་ཤིག་ཆགས་ཡོད་པ་རེད།

    ཤང་སྲོལ་དམངས་ཆིངས་དང་གྲོང་སྲོལ་དམངས་ཆིངས་ཀྱི་ནུས་པ་འདོན་སྤེལ་འགན་ལེན་བྱ་ཆེད། ཀ་ལ་ཤང་གིས་བསམ་ཕྱོགས་གསར་གཏོད་བྱས་ནས“ཏང་ཡོན་གྱིས་དུད་ཚང་འགན་གཙང་ལེན་པའི་ལམ་ལུགས”ལག་ལེན་བསྟར་ཏེ། གྲོང་སྲོལ་དམངས་ཆིངས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད། གྲོང་ཚོའི་ཚོགས་ཆུང་གིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་ཡོན་གྱིས་ཁྱིམ་ཚང་དང་ཡུག་ཁུལ་འགན་གཙང་བླངས་ནས་ཁྱིམ་ཚང་རེ་རེ་བཞིན་ལ་གྲོང་སྲོལ་དམངས་ཆིངས་དྲིལ་བསྒྲགས་བྱས་པ་རེད།

    ཏང་ཡོན་ལས་བྱེད་པས་སྣེ་འཁྲིད་པས་མང་ཚོགས་ཀྱི་རང་གཅུན་ནུས་པ་ཆེ་རུ་ཕྱིན་ཏེ་ཕྱོགས་གང་སར་ཡར་རྒྱས་ཕྱིན་ཞིང་། བྱེད་ཐབས་རབ་དང་རིམ་པ་བརྒྱུད། ཀ་ལ་ཤང་གི་གྲོང་སྲོལ་དམངས་ཆིངས་མང་ཚོགས་ཀྱི་ནང་བསམ་པའི་དོན་གཉེར་བྱེད་སར་གྱུར་པ་མ་ཟད། མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ལའང་གྱུར་ཡོད། དུས་ཐུང་ལོ་གསུམ་རིང་ཀ་ལ་ཤང་གིས་ཐ་མག་གི་ཉེས་སྐྱོན་འགྲེལ་བཤད་བརྒྱབ་པ་བརྒྱུད། ཐོག་མར་ཐ་མག་འཐེན་མཁན་870ཡོད་པ་ནས་70བར་ཉུང་དུ་ཕྱིན་པ་དང་། ཆང་འཐུང་། རྒྱན་འགྱེད་དང་རྐུ་འཕྲོག་བཅས་ཀྱི་སྣང་ཚུལ་མཐོང་རྒྱུ་མེད།

    བསླབ་བྱ་གནད་འཁེལ་བྱེད་པ་དང་ལྟ་རེས་སྐྱོང་རེས་བྱས་ཤིང་། 《ཀ་ལ་ཤང་གི་ཤང་སྲོལ་དམངས་ཆིངས》གསར་པས་ཀ་ལ་ཤང་གི་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་བསྒྲིལ་ནས་མཉམ་དུ་འཚོ་བ་གསར་པར་འབད་བཞིན་ཡོད་པ་དཔེར་ན། ཀ་ལ་ནུབ་གྲོང་ཚོའི་གྲོང་མི་དོན་གྲུབ་ཀྱིས་སྒོར་ཁྲི་8རི་བའི་དངོས་ཟོག་རྙེད་མ་ཐག་ཤང་སྲིད་གཞུང་ལ་བསྐྱལ་བ་དང་། ཀ་ལ་ཤར་གྲོང་ཚོས་ལོ་ལྔའི་རིང་ཏང་ཡོན་35འཕེལ་རྒྱས་བཏང་བ་སོགས་རེད།

    ད་ཆ་གྲོང་སྲོལ་དམངས་ཆིངས་ཡིག་ཐོག་ཏུ་བཀོད་དེ་གྱང་སྟེང་དུ་བཀལ་བ་མ་ཟད། ད་དུང་ཞིང་འབྲོག་པའི་རང་འགུལ་བྱ་སྤྱོད་དུ་གྱུར་པ་དང་གོམས་སྲོལ་ལེགས་སུ་ཕྱིན་ཏེ། “བཙོག་ཟིང་ཞན་གསུམ”གྱི་རྣམ་པར་འགྱུར་ལྡོག་བྱུང་བ་དང་ལེ་ལོ་དང་སྒྱིད་ལུག་གི་གནད་དོན་ཐག་གཅོད་ཐུབ་ནས་ཡ་རབས་སྲོལ་བཟང་གི་རྣམ་པ་ཀ་ལ་ཤང་གི་གང་སར་ཁྱབ་པ་དང་། ཡ་རབས་བྱ་སྤྱོད་སྤེལ་རྒྱུ་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རིན་ཐང་དོན་གཉེར་བྱེད་སར་གྱུར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།