[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ​ དམངས་འཚོའི་ཉི་འོད་ས་མཐོར་རབ་ཏུ་འཕྲོས།

    བོད་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-05

    འདི་ལོ་ཚུན་དུ་བོད་ཀྱི་ནུས་རྒྱུ་དང་། འགྲིམ་འགྲུལ། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ད་ཆ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་དམངས་འཚོའི་གཙོ་གནད་རྣམ་གྲངས་འབོར་ཆེན་ཞིག་སྐྲུན་འགོ་ཚུགས་ནས་གངས་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་340ལྷག་ཙམ་གྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་སེམས་ཆེ་རུ་ཕྱིན་ཡོད།

    ནུས་རྒྱུ་འཛུགས་སྐྲུན། གློག་དྲ་ཆེན་པོའི་དུས་རབས་སུ་སླེབས་པ།

    ནུས་རྒྱུ་ནི་བོད་ཀྱི་རྨང་གཞི་དང་ཁྱད་ལྡན་ཐོན་ལས་ཤིག་རེད། བོད་ཀྱི་མ་འཇོག་གཞི་ཁྱོན་ཆེ་ཤོས་དང་གློག་གཏོང་སྐུད་ལམ་རིང་ཤོས་ཀྱི་གློག་ཤུགས་ལས་གྲྭ་སྟེ། ཆབ་མདོ་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་2018ལོའི་ཟླ་11པར་བསྐྲུན་ཏེ་སྤྱོད་འགོ་ཚུགས་ནས་བོད་ཀྱི་གློག་དྲ་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཆན་ཧྥུའུ་500ཡི་ཚད་བརྒལ་གློག་ཆེན་གྱི་གློག་དྲ་ཆེན་པོའི་དུས་རབས་སུ་སླེབས་ཡོད། ད་ཆ་བོད་ཀྱི་གློག་དྲ་གཙོ་བོ་རྫོང་62ལ་ཁྱབ་པ་དང་གློག་མཁོ་འདོན་བྱེད་ཚད་མི་འབོར་ཁྲི་272ཟིན་པ་དེས་ལྗོངས་ཡོངས་ཀྱི་མི་འབོར་གྱི་80%བཟུང་ཡོད།

    ཟླ་6པའི་ཟླ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཚ་ཆུ་ཤུགས་གློག་ཁང་སྐྲུན་ཡུལ་ནས་བཟོ་པ་ཚོ་གློག་ཁང་གི་རགས་ཆེན་དང་བཟོ་གྲྭ་འཛུགས་སྐྲུན་ལ་བྲེལ་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་། རྒྱ་ཚ་ཆུ་ཤུགས་གློག་ཁང་ནི་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གློག་གཏོང་གི་འཛུགས་སྐྲུན་རྣམ་གྲངས་གཙོ་བོ་ཞིག་ཡིན་ཞིང་། སྒྲིག་སྦྱོར་བྱས་པའི་འཕྲུལ་ཚན་3ནས་གློག་གཏོང་ཚད་ཆན་ཝ་ཁྲི་36ཟིན་རྒྱུ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་78.3བཏང་བ། 2020ལོའི་ཟླ་6པར་འཕྲུལ་ཚན་དང་པོ་ནས་གློག་གཏོང་རྩིས་ཡོད་པ་རེད།

    ཧྭ་ནེང་ཡར་ཀླུང་གཙང་པོ་ཀུང་སི་རྒྱ་ཚ་ཆུ་ཤུགས་གློག་ཁང་ལས་གྲྭ་པུའི་ཀྲུའུ་རེན་ཁྲེང་ཞུའེ་ཅུན་གྱིས། “བོད་དབུས་ཀྱི་དྲ་སྦྲེལ་ལས་གྲྭའི་གློག་ཁུངས་གཙོ་བོའི་གྲས་ཤིག་ཡིན་པའི་རྒྱ་ཚ་གློག་ཁང་གིས་གཙོ་བོ་བོད་ནང་ཁུལ་གྱི་དགོས་མཁོ་བསྐང་རྒྱུ་རེད། མིག་སྔར་འཛུགས་སྐྲུན་གྱི་ལས་བྲེལ་ཆེ་ཤོས་སུ་སླེབས་པ་དང་སྤྱིའི་ལས་གྲྭའི་འཕེལ་རིམ་ལེགས་གྲུབ་བྱུང་ཚད་80%ཟིན་ཡོད”ཅེས་བཤད།

    མྱུར་ཚད་མགྱོགས་སུ་གཏོང་བའི་ཐད། ལྕགས་ལམ་དང་། གཞུང་ལམ། གནམ་ཐང་བཅས་འཛུགས་སྐྲུན་བྱེད་ཚུལ་ཕན་ཚུན་ཡང་ཡང་བསྡུར་བ།

    ཟླ་6ཚེས་9ཉིན་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་གྱི་ཕུག་ལམ་རིང་གྲས་གསུམ་པ་དང་ཁྱོན་རིང་ཚད་ལ་སྤྱི་ལེ་13.59ཡོད་པའི་ཉིང་ཁྲི་གྲོང་ཁྱེར་གྱི་མགོན་རྡོ་སྡིངས་ཕུག་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པ་དེ་ཐོག་ནས་ལམ་ཐིག་ཧྲིལ་པོའི་གཙོ་གནད་དང་དཀའ་གནད་ཆེ་བའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭར་དུས་མཚམས་རང་བཞིན་གྱི་ཚད་བརྒལ་བྱུང་བ་མཚོན་གྱི་ཡོད། དེ་དང་ཆབས་ཅིག་ཁྲོན་བོད་ལྕགས་ལམ་གྱི་ཆབ་མདོའི་ས་ཁོངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡང་ཟླ་6པར་སྐྲུན་འགོ་ཚུགས་ཡོད།

    རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཏེ་ལྷ་ཉིང་ལྕགས་ལམ་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་དེ་རེད། རྣམ་གྲངས་དེའི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་70%ཡན་ཟིན་པ། སྔོན་དཔག་བྱས་ན་2021ལོར་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད། བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་ཀུང་སིའི་གྲངས་གཞི་ལས་མངོན་པར། མིག་སྔའི་བར་ལྷ་ཉིང་ལྕགས་ལམ་གྱི་ཟམ་པ་120ཡོད་པའི་ནང་ནས་ཟམ་པ་108ཀྱི་གཞི་སྒྲོམ་ལེགས་གྲུབ་ཟིན་པ་དང་ཕུག་ལམ་47གྱི་ནང་ནས་35ཤར་གཏོང་ཐུབ་ཡོད།

    བོད་ཀྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ཡང་མྱུར་ཚད་མགྱོགས་སུ་དང་རིམ་སྤོར་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་དང་ཕུག་ལམ་རིང་ཤོས་ཡིན་པའི་བར་ལའི་ཕུག་ལམ་དེ་ལོ་4འཛུགས་སྐྲུན་བྱས་པ་བརྒྱུད། བསྐྲུན་ཟིན་ཏེ་མེ་འཁོར་ཤར་གཏོང་ཐུབ་ནས་དེ་སྔོན་སྤྱི་ལེ་18ལ་ཀླུང་བརྒལ་དགོས་པའི་ལམ་ཐག་ད་ཆ་སྤྱི་ལེ་5.7བར་ཐུང་དུ་སོང་བ་དང་ཤར་བགྲོད་ཐུབ་ཚད་ཇེ་ཆེར་སོང་ཡོད། དེ་དང་ཆབས་ཅིག་རྒྱལ་ལམ་109ལམ་ཐིག་གི་ནག་ཆུ་ནས་ལྷ་ས་བར་གྱི་ལམ་དུམ་གསར་སྐྲུན་རྒྱས་སྐྲུན་ལས་གྲྭ་དང་ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སོགས་འཛུགས་སྐྲུན་རྣམ་གྲངས་ལའང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།

    གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས་བོད་ལ་རོགས་སྐྱོར་བྱས་ནས་བསྐྲུན་རྒྱུའི་ལྷོ་ཁའི་ལྷུན་རྩེ་གནམ་ཐང་དང་། གཞིས་རྩེའི་དིང་རི་གནམ་ཐང་། མངའ་རིས་ཀྱི་སྤུ་ཧྲེང་གནམ་ཐང་བཅས་ས་མཐོའི་ཡན་ལག་ལམ་ཐིག་གི་གནམ་ཐང་གསུམ་པོ་ལོ་འདིའི་ནང་ལག་བསྟར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ་ལེགས་སྒྲུབ་བྱ་རྒྱུ་དང་། ཐོག་མའི་ཇུས་གཞིར་མཆན་འགོད་བཀའ་ལན་བྱ་རྒྱུ་དང་འབྲེལ་སྐྲུན་འགོ་ཡང་འཛུགས་རྒྱུ། 2021ལོར་བསྐྲུན་ཟིན་ནས་སྤྱོད་འགོ་འཛུགས་ཐུབ་པ་བྱ་རྒྱུ། གཞན་ཡང་ལྷ་སའི་གོང་དཀར་གྱི་རྒྱལ་སྤྱིའི་གནམ་ཐང་གི་རྒྱུག་ལམ་གཉིས་པ་2020ལོར་སྤྱོད་འགོ་འཛུགས་རྒྱུ་བཅས་རེད།

    འཛུགས་སྐྲུན་ཚ་ཚ་འུར་འུར་བྱེད་པའི་ཐད། སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་རམ་འདེགས་བྱས་པ།

    བོད་ལྗོངས་ལག་རྩལ་པའི་སློབ་གླིང་ཨར་སྐྲུན་བྱ་ཡུལ་ནས་གསར་འགོད་པས་མཐོང་བར། གཙོ་རྐང་ལས་གྲྭ་མང་པོ་ཞིག་དུས་གཅིག་ཏུ་འཛུགས་སྐྲུན་བྱེད་པས་འཕེལ་རིམ་བདེ་བླག་བྱུང་ཡོད།

    “སློབ་གླིང་གིས་ལས་ཞུགས་ཁྲིད་སྟོན་དུ་བྱེད་པ་དང་། ཐོན་སློབ་མཉམ་འདྲེས་དང་སློབ་ཁེ་མཉམ་ལས་ཀྱི་སློབ་གཉེར་རྣམ་པ་སྤྱད་དེ། སློབ་གྲྭའི་ལམ་ལུགས་ཀྱི་སློབ་གསོ་བརྒྱུད་གྲ་སྒྲིག་ལག་རྩལ་པ་དང་། མཐོ་རིམ་བཟོ་པ། འབྲིང་རིམ་བཟོ་པ་བཅས་གསོ་སྐྱོང་བྱ་རྒྱུ་ཡིན། སློབ་མ་བསྡུ་གྲངས་5000ཟིན་པ་བྱ་རྒྱུ་དང་། སྔོན་དཔག་བྱས་ན། 2020ལོར་བསྐྲུན་ཟིན་ནས་སྤྱོད་རྒྱུ་ཡིན”ཞེས་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་གྲབས་འཛུགས་འགོ་ཁྲིད་ཚོགས་ཆུང་གི་བཀོད་འདོམས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཤིང་ཀོང་གིས་ངོ་སྤྲོད་བྱས།

    ན་ནིང་གི་ལོ་མཇུག་ཏུ་གཅིག་སྡུད་ཐོག་ལས་འགོ་བཙུགས་པའི་བོད་རང་སྐྱོང་ལྗོངས་སྨན་ཁང་དང་། བོད་ཀྱི་ལག་རྩལ་པའི་སློབ་གླིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་སོགས་སློབ་ཁུལ་གསར་པའི་དམངས་འཚོའི་རྣམ་གྲངས་གལ་ཆེན་གསུམ་པོར་རྒྱལ་ཁབ་ཀྱིས་ཆེད་དངུལ་བཏང་ནས་སྐྲུན་བཞིན་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་གནང་བའི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་རེད།

    2018ལོའི་ལོ་མཇུག་བར། བོད་ཀྱིས་ཁྱོན་གཙོ་གནད་རྣམ་གྲངས་211བཀོད་སྒྲིག་བྱས་པར་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་2025.45བཏང་ཡོད། གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་ནུས་ལྡན་བཏང་བ་ལས་རྒྱལ་ཁབ་དང་། བོད་སྐྱོར། དམངས་ཁྲོད་སོགས་ཐབས་ལམ་མང་པོའི་མ་དངུལ་ཕན་ཚུན་མཐུན་སྦྱོར་དང་ཕན་ཚུན་གསབ་རེས་ཀྱི་མ་འཇོག་མཉམ་འདྲེས་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་ཚུལ་བརྟན་པོ་ཡོང་བར་བྱེད་པའི“འགན་ལེན་ནུས་ལྡན”དང་། དཔལ་འབྱོར་གྱི་སྤྱི་འབོར་མང་དུ་གཏོང་བའི“སྐུལ་འདེད་ཡོ་ཆས” དཔལ་འབྱོར་གྱི་གྲུབ་ཆ་བཟང་སྒྲིག་བྱེད་པའི“སྙོམས་སྒྲིག་ཡོ་ཆས”དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི“སྒུལ་ཤུགས་གསར་པ”བཅས་སུ་རིམ་གྱིས་འགྱུར་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།