[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ།

    —— མཚོ་གཉིས་རྫོང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཝུན་ཧྲེང་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-28

    ■མཚོ་གཉིས་རྫོང་གི་ངོ་སྤྲོད་མདོར་བསྡུས།

    མཚོ་གཉིས་རྫོང་ནི་བོད་བྱང་ཐང་གི་བྱང་རྒྱུད་དུ་གནས་པ་དང་ས་བབ་མཐོ་ཚད་སྨི་5000ཡན་ཟིན་པ་མ་ཟད། ཁོངས་གཏོགས་སུ་ཤང་6དང་། གྲོང་རྡལ་1 སྲིད་འཛིན་གྲོང་ཚོ་31བཅས་ཡོད་ལ། རང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་རྫོང་44ཡི་གྲས་ཤིག་རེད། མིག་སྔའི་བར་གྲོང་ཚོ་བཞི་ཡི་དུད་ཚང་324ཡི་མི་གྲངས་1231དབུལ་སྒྲོལ་གྱི་ཚད་གཞིར་སླེབས་པ་དང་གྲོང་ཚོ་བཞི་དབུལ་སྒྲོལ་ཐུབ་ཡོད་ལ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2015ལོའི་ལོ་མཇུག་གི་སྒོར་2800ནས་2018ལོའི་ལོ་མཇུག་ཏུ་སྒོར་4500བར་འཕར་ཡོད། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2015ལོའི་སྒོར་7996.18ནས་2018ལོའི་སྒོར་9339བར་འཕར་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་རྩ་བའི་ཆ་ནས་མངོན་འགྱུར་བྱུང་ཡོད། 2019ལོར་དུད་ཚང་774ཡི་མི་3074དབུལ་སྒྲོལ་ཐུབ་པ་དང་གྲོང་ཚོ་27དབུལ་སྒྲོལ་ཐུབ་ནས་རྫོང་ཡོངས་ཀྱི་དབུལ་ཞྭ་ཕུད་ཡོད།

    མཚོ་གཉིས་རྫོང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཝུན་ཧྲེང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། རྫོང་ཡོངས་ཀྱི་གོང་འོག་ཚང་མས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཨང་དང་པོར་བཞག་སྟེ‘ཏན་ཏིག་བཞི’དང་། ‘ཁག་གཅིག་རེ་ལྔ’‘གནད་སྨིན་དྲུག’བཅས་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་གཙོ་གནད་མངོན་གསལ་དོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག སྒྲིག་འཛུགས་ཞིབ་ཚགས། དོན་འཁྱོལ་ལ་དམ་འཛིན། བསམ་ཕྱོཌ་གསར་གཏོད་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད”ཅེས་བཤད།

    ད་ཕན་ལོ་ཤས་རིང་། མཚོ་གཉིས་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“གཙོ་བོ་གཅིག་དང་གཞོགས་འདེགས་གསུམ”གྱི་ཐོན་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་གཏན་འཁེལ་བྱས་ཏེ་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་བྱེད་པ་དང་། ཡུལ་སྐོར་ལས་རིགས་དང་ཁྱད་ལྡན་ཐོན་ཁུངས་དང་དེ་བཞིན་མྱུར་འགྲུབ་རྣམ་གྲངས་གཞོགས་འདེགས་སུ་བྱས་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ཡོད། བུ་རོགས་གངས་རིའི་འཁྱགས་རོམ་དང་མི་མེད་ལུང་སྟོང་གི་རང་བྱུང་མཛེས་ལྗོངས་དང་། བདག་ཏུ་མི་བཟུང་བའི་སྲོག་ཆགས། འབྲོག་ཁུལ་མི་སེར་གྱི་འཚོ་བ་བཅས་མྱོང་རོལ་བྱ་རྒྱུ་ནང་དོན་གཙོ་བོར་བྱས་ཏེ“ས་མཐོའི་འབྲོག་ཁུལ་གྱི་གདོད་མའི་སྣོད་བཅུད་འཚོ་བ་མྱོང་རོལ”གྱི་ཡུལ་སྐོར་ཐོན་རྫས་བཏོད་དེ་འབྲོག་ཁུལ་མི་སེར་ལ་ཡོང་འབབ་འཕར་རྒྱུར་སྣེ་ཁྲིད་བྱས་ཡོད། མྱུར་འགྲུབ་རྣམ་གྲངས་མགྱོགས་མྱུར་བསྐྲུན་ཞིང་། མིག་སྔར“གྲོང་ཚོ་གཅིག་ལ་མཉམ་ལས་ཁང་གཅིག”གི་འབྲོག་ལས་ཐོན་ལས་ཡོང་འབབ་སྒོར་ཁྲི་3141.4ཟིན་པ་དང་མྱུར་འགྲུབ་རྣམ་གྲངས་16ལེགས་གྲུབ་ཟིན་ནས་ཡོང་འབབ་སྒོར་ཁྲི་140.15བྱུང་ཡོད། ལོར་མི་1291ལས་ཞུགས་གཞན་སྒྱུར་ཐུབ་ནས་ཡོང་འབབ་སྒོར་ཁྲི་1405.08བྱུང་ཡོད།

    2017ལོར་དུད་ཚད་33ཡི་མི་གྲངས་142ཡངས་པ་ཅན་བདེ་ཐང་སླར་གསོའི་ལྟེ་གནས་སུ་སྤོས་པ་དང་། 2019ལོར་མཚོ་གཉིས་རྫོང་བྱང་རྒྱུད་ཀྱི་ཤང་དང་གྲོང་རྡལ་3གྱི་གྲོང་ཚོ་དགུའི་དུད་ཚང་727ཡི་མི་གྲངས་2996གནས་སྤོ་བྱ་ཡུལ་དུ་བརྩིས་ནས་དུད་ཚང་31གི་མི་གྲངས་122གནས་སྤོས་བྱས་པ་རེད། སྟོད་མ་ཤང་གི་གྲོང་ཚོ་5ཡི་དུད་ཚང་524ཡི་མི་གྲངས་2174ཚང་མ་2020ལོར་གནས་སྤོ་བྱ་རྒྱུའི་འཆར་གཞིར་བཅུག་ཡོད། ཐོག་མར་གནས་སྤོས་བྱེད་སྐབས་ཡག་ཆུ་དང་། དཀར་མཚོ། མཚོ་སྦྲེལ་བྱང་མ་ཤང་བཅས་ཤང་གི་མང་ཚོགས་གནས་སྤོས་བྱེད་མཁན་70%ཡང་ཟིན་མེད། ཁྱིམ་ཚང་ཚང་མར་སློབ་གསོ་ཁྲིད་སྟོན་བྱས་པ་དང་འབྲེལ་མང་ཚོགས་ལ་ཏང་གི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱས་པར་བརྟེན་ད་ཆ་འབྲོག་པ་མང་ཚོགས་ཚང་མ་གནས་སྤོ་བྱས་ཡོད།

    རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ་ཚོས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དུད་ཚང་1118ཡི་མི་གྲངས་4279དང་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་མང་ཚོགས་ལ་བསམ་ཕྱོགས་གསལ་བཟོ་བྱས་ཁར་དབུལ་སྒྲོལ་ཐབས་ལམ་1000ཙམ་བཏོད་པས་དམག་འཐབ་མཁར་རྫོང་གི་ནུས་པ་དངོས་འབྲེལ་འདོན་སྤེལ་ཐུབ་པ་མ་ཟད། བདེ་སྐྱིད་འཚོ་བ་གཏོད་མཁན་གྱི་སྟོབས་ཤུགས་གལ་ཆེན་ལ་གྱུར་ཡོད།

    2019ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་རེད། དབྱང་ཝུན་ཧྲེང་གིས་མཚོ་གཉིས་རྫོང་གིས་ཁ་ཕྱོགས་གཏན་འཁེལ་གཞིར་བཟུང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འབད་བརྩོན་ལྷོད་མེད་དང་དུས་ཀྱིས་ང་ཚོ་མི་སྒུག་པའི་སྙིང་སྟོབས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཞུགས་པ་དང་འབྲེལ་དབུལ་ཞྭ་རྦད་དེ་འབུད་པའི་གྲུབ་འབྲས་ཐོག་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ་ཡོད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།